ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཞེས་གསུངས་སོ། །འོ་ན་ཉན་རང་གིས་ཆོས་ཀྱི་བདག་མེད་ཡེ་མ་རྟོགས་སམ་ཞེ་ན། ཉན་རང་གིས་ཀྱང་གང་ཟག་ཏུ་གདགས་པའི་རྒྱུར་གྱུར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་རྟེན་འབྲེལ་གྱི་དོན་རང་བཞིན་གྱི་སྐྱེ་འགག་དང་བྲལ་བར་རྟོགས་མོད་ཀྱི། གདགས་པའི་རྒྱུར་མ་གྱུར་པའི་ཆོས་གཞན་རྣམས་དང་འདུས་མ་བྱས་རྣམས་བདེན་མེད་དུ་མངོན་སུམ་དུ་རྟོགས་པ་མེད་དེ། སྦྱོར་ལམ་གྱི་གནས་སྐབས་སུ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པར་མ་བསྒོམས་པས་མཐོང་ལམ་གྱི་གནས་སྐབས་སུ་རྫོགས་པར་མངོན་སུམ་དུ་མ་མཐོང་བའི་ཕྱིར། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་སྤོང་བའི་ཐབས་སུ་གྱུར་པའི་ཆོས་ལ་བདག་མེད་པའི་ལྟ་བ་ནི་ཉན་རང་འཕགས་པས་མངོན་སུམ་དུ་རྟོགས་པ་ཡིན་ཏེ། དེ་ལ་ཐོས་བསམ་གྱི་དུས་སུ་ཆེད་དུ་གཉེར་ནས་སྒྲོ་འདོགས་གཅད། ཚོགས་ལམ་འབྲིང་པོ་སོགས་དང་སྦྱོར་ལམ་བཞིའི་གནས་སྐབས་སུ་ཚུལ་བཞིན་དུ་བསྒོམ་པ་ལ་བརྟེན་ནས་མཐོང་ལམ་དུ་མངོན་སུམ་དུ་མཐོང་། བསྒོམ་ལམ་དུ་དེའི་རྒྱུན་བསྐྱངས་ཏེ་མི་སློབ་ལམ་གྱི་ཚེ་ཉོན་མོངས་མཐའ་དག་སྤངས་པ་ལ་དགྲ་བཅོམ་ཐོབ་པར་བཞག་པའི་ཕྱིར། དེ་སྐད་དུ། དྲངས་མ་ཐག་པའི་འགྲེལ་པ་དེའི་འཕྲོས་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་བསྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པ་བསྒོམ་པ་ནི་ཡོད་པར་རྣམ་པར་གཞག་གོ །ཞེས་གསུངས་སོ། །འགྲེལ་པ་འདིས་ནི་ཐེག་པ་ཆེ་ཆུང་གཉིས་གང་ཟག་གི་བདག་མེད་ཙམ་གྱི་ལྟ་བ་ལ་ཁྱད་པར་མེད་པ་དང་། ཆོས་ཀྱི་བདག་མེད་པའི་ལྟ་བ་ལ་ཁྱད་པར་ཤིན་ཏུ་ཆེ་བར་ཡོད་པར་བསྟན་ཏོ། །གལ་ཏེ་ཆོས་ཀྱི་བདག་མེད་ཀྱི་ལྟ་བ་ལ་ཁྱད་པར་མེད་ན། ཐེག་པ་ཆེ་ཆུང་དབང་པོ་རྣོ་རྟུལ་གོ་ལོག་པའི་སྐྱོན་འདིར་ཡང་འབྱུང་སྟེ། ཐེག་པ་ཆེན་པོས་ཆོས་ཀྱི་བདག་མེད་རྫོགས་པར་བསྒོམས་པ་ལ་བརྟེན་ཏེ། ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་གང་ཞིག ཉན་རང་གིས་ཆོས་ཀྱི་བདག་མེད་རྫོགས་པར་མ་བསྒོམས་ཀྱང་དེ་རྫོགས་པར་རྟོགས་པ་ཡིན་པའི་ཕྱིར། དང་པོ་སྙོན་མེད་དུ་གྲུབ། གཉིས་པ་ཁྱེད་རང་གིས་ཁས་བླངས། དེས་ན་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ཚེ་གང་ཟག་བདེན་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པས་ཆ་ཤས་ཅན་དང་ཆ་ཤས་ཀྱི་ཚུལ་དུ་ཉེར་ལེན་གྱི་ཕུང་པོ་རྣམས་ཀྱང་བདེན་མེད་དུ་དོན་སྤྱིའི་ཚུལ་གྱིས་གོ་བ་དང་། ཡང་ཐོག་མར་ཕུང་པོ་བདེན་མེད་དུ་གཏན་ལ་ཕབ་ཅིང་དེ་བདེན་མེད་དུ་རྟོགས་པས། གདགས་གཞི་བདེན་པར་མེད་ན་བཏགས་ཡོད་ལྟ་སྨོས་ཀྱང་ཅི་དགོས་པའི་ཚུལ་གྱིས་གང་ཟག་ཀྱང་བདེན་མེད་དུ་རྟོགས་པ་དང་། ཡང་གང་ཟག་བདེན་མེད་དུ་གཏན་ལ་ཕབ་ཅིང་དེ་ལྟར་རྟོགས་ཀྱང་ཕུང་པོ་ཉིད་རིགས་པས་ཆེད་གཏད་བདེན་མེད་དུ་གཏན་ལ་མ་ཕབ་ན་མི་གོ་བ་དང་། དེས་མཚོན་ཕུང་པོ་བདེན་མེད་དུ་གཏན་ལ་ཕབ་ཀྱང་ད་དུང་གང་ཟག་བདེན་མེད་དུ་གཏན་ལ་འབེབས་དགོས་པ་དང་། ཡང་། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བཤད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་གསུངས་པ་ལྟར། བུམ་པ་ལྟ་བུ་གཅིག་བདེན་པས་སྟོང་པའི་གནད་གོ་ན་དེ་དང་རིགས་འདྲ་བའི་ཆོས་ཐམས་ཅད་བདེན་མེད་དུ་རང་ཤུགས་ཀྱིས་རྟོགས་པ་སོགས་གང་ཟག་སོ་སོའི་བསམ་པ་མཐའ་ཡས་པ་དང་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་སོགས་ལས་མཐའ་གཅིག་ཏུ་ངེས་པ་མེད་ལ། སྟོང་ཉིད་གང་དང་གང་མངོན་སུམ་དུ་རྟོགས་པ་ནི་དེ་དང་དེ་ལ་བསྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་སྔོན་དུ་སོང་མ་སོང་ལ་རག་ལས་པས། ཉན་རང་གིས་ཀྱང་ལུང་དང་རིགས་པའི་ཐོས་བསམ་གྱི་ལྟ་བ་གཏན་ལ་འབེབས་པའི་དུས་དབང་པོ་རྣོ་རྟུལ་ལས། ཆོས་ལ་ལ་བདེན་མེད་དུ་རྟོགས་ནས་ཆོས་འགའ་ཞིག་བདེན་མེད་དུ་མ་རྟོགས་པ་ཡང་ཡོད། ཡང་ཆོས་ཐམས་ཅད་བདེན་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཡང་སྲིད་མཐའ་མ་བཀག་མོད། བསྒོམ་པ་ཉམས་ལེན་གྱི་ཚེ་ཆོས་ཐམས་ཅད་བདེན་པས་སྟོང་པའི་ཆོས་ཀྱི་བདག་མེད་རྫོགས་པར་མི་བསྒོམ་པས་ཐོག་མར་མཐོང་ལམ་གྱི་ཚེ་ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་མི་རྟོགས་ཤིང་། བསྒོམ་ལམ་སོགས་སུ་ཡང་རྟོགས་པ་དེའི་རྒྱུན་མི་འབྱུང་བས་ཉན་རང་གིས་ཆོས་ཀྱི་བདག་མེད་རྫོགས་པར་མངོན་སུམ་དུ་མ་རྟོགས་པ་འདི། དཔལ་ལྡན་ཟླ་བའི་རྗེས་འབྲང་དུ་ཁས་འཆེ་བ་ཐམས་ཅད་ཀྱིས་རྣམ་དཔྱོད་ཀྱི་སྙིང་གི་དཀྱིལ་དུ་འཆང་རིགས་སོ། །བཞི་བརྒྱ་པ་ལས། ལྟ་རིམ་གསུམ་བཤད་པའི་དང་པོ་དེ་ལས་འབྲས་ལ་བླང་དོར་ཚུལ་བཞིན་དུ་བྱེད་པའི་ལྟ་བ་ཡིན་པ་གཞིར་བཞག་ལ། གཉིས་པ་ནི་བདག་རྣམ་པ་ལྔར་བཙལ་ནས་མ་རྙེད་པའི་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དང་། གསུམ་པ་ནི་བདག་ཏུ་མངོན་པར་ཞེན་པའི་རྒྱུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་པའི་ཐེག་པ་ཐུན་མོང་བའི་ལྟ་བ་ཡིན་ཏེ། དེའི་འགྲེལ་པ་དཔལ་ལྡན་ཟླ་བས་མཛད་པ་ལས། བསོད་ནམས་མ་ཡིན་པའི་ཕྱོགས་ཐམས་ཅད་ཟློག་པ་ནི་དང་པོར་བྱ་སྟེ། མཐོང་བ་དང་མ་མཐོང་བའི་ཉེས་པ་བརྒྱ་ཕྲག་དུ་མའི་རྒྱུ་ཡིན་པའི་ཕྱིར་ཏེ། སྤང་བར་བྱ་བ་དང་པོར་བཟློག་པར་བྱའོ། །སྡིག་པ་ཟློག་པས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བདག་རྣམ་པ་ལྔ་ཡང་མི་སྲིད་པའི་ཕྱིར། བདག་ཏུ་ལྟ་བ་ཆ་ཉི་ཤུ་དོར་བར་བྱའོ། །ཕྱི་ནས་ནི་བདག་ལ་ཆགས་པ་ཡང་དག་པར་སྟོན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་ཆགས་པ་ཡང་ཡོངས་སུ་བཏང་བར་བྱ་བའི་ཕྱིར་དངོས་པོ་ཐམས་ཅད་ཟློག་པར་བྱའོ། །དེའི་ཕྱིར་དེ་ལྟར་བློ་དང་ལྡན་པ་འདི་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་སྟེ། ཞེས་གསུངས་པའི་ཕྱིར། འདིས་ནི་གང་ཟག་བདེན་མེད་དུ་གཏན་ལ་ཕབ་པའི་རྗེས་སུ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་བདེན་མེད་དུ་གཏན་ལ་ཕབ་པའི་རིམ་པ་གསལ་བར་བསྟན་པས། ཐོས་བསམ་གྱི་དུས་སུ་དབུ་མའི་རིགས་པ་ལ་བརྟེན་ནས་ཆོས་གཅིག་བདེན་མེད་དུ་རྟོགས་པའི་ཚེ། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་རྣམ་གཞག་གི་ངེས་པ་མཐའ་གཅིག་ཏུ་མེད་དོ། །འགྲེལ་པའི་ཚིག་རིགས་འགའ་ཞིག་ལ་ཕྱི་ནས་བདག་ཉིད་ལ་ཡོངས་སུ་ཆགས་པའི་དངོས་པོ་ཐམས་ཅད་ལ་ཞེན་པ་ཡང་ཟློག་པར་བྱའོ། །ཞེས་པ་ཡང་འདུག་མོད། གང་ལྟར་དོན་འདྲ་བར་སྣང་། ལྟ་གཞི་ཞེས་པའི་ལྟ་བ་འདི་ནི་བདག་ཏུ་ལྟ་བ་ཉིད་ཡིན། དེའི་གཞིའམ་རྒྱུ་ནི། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་པའི་ཚུལ་གྱིས་ཕུང་ཁམས་སྐྱེ་མཆེད་ལ་མངོན་པར་ཞེན་པ་ཡིན་པས། དེ་རྣམས་བདེན་མེད་དུ་གཏན་ལ་འབེབས་པའི་ལྟ་བ་ལ་འདིར་ལྟ་རིམ་གསུམ་པའམ། ལྟ་གཞི་ཀུན་བཟློག་གི་ལྟ་བར་འཇོག་པ་དཔྱོད་ལྡན་ཀུན་གྱིས་གོ་དགོས་སོ། །མཁས་པ་དག་གཞུང་རྩ་བར་ཐོག་མཐའ་བར་གསུམ་གྱི་ཚིག་བྱུང་བ་དེ་ཙམ་ལ་གཞི་བརྟེན་འཆད་ཚུལ་ཅི་རིགས་པ་སྣང་ཡང་འགྲེལ་པ་དང་མཐུན་པ་ཞིག་གལ་ཆེའོ། །འོ་ན་ཉན་རང་གིས་ཆོས་ཐམས་ཅད་བདེན་མེད་དུ་མ་རྟོགས་ན་ཆོས་དེ་ལ་བདེན་འཛིན་ཡོད་པས་འདོད་ཆགས་ཞེ་སྡང་འབྱུང་བའི་ལྟ་བ་དང་བཅས་པར་འགྱུར་ཏེ། རིགས་པ་དྲུག་ཅུ་པ་ལས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུང་འབྱུང་། །ཞེས་གསུངས་པའི་ཕྱིར་རོ་སྙམ་ན་སྐྱོན་མེད་དེ། དེ་ནི་རྟེན་འབྲེལ་གྱི་གནད་ཁོང་དུ་མ་ཆུད་པའི་རང་སྡེ་དངོས་སྨྲ་བ་དག་གིས་རྟེན་འབྲེལ་ཉིད་རྒྱུ་མཚན་དུ་བྱས་ནས། དངོས་པོ་བདེན་གྲུབ་ཏུ་འདོད་པ་ལ་དེ་ལྟར་གསུངས་པ་ཡིན་པའི་ཕྱིར་ཏེ། དེའི་སྔ་འགྲེལ་ལས། གང་དག་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་འདི་ཁོང་དུ་མ་ཆུད་དེ། དངོས་པོ་རྣམས་ཀྱང་རང་གི་མཚན་ཉིད་ལ་ཡོངས་སུ་རྟོག་པ་དེ་དག་ནི་གདོན་མི་ཟ་བར་དངོས་པོར་ཁས་ལེན་ཡོད་ན་ནི་ཞེས་སོགས་གསུངས་པའི་ཕྱིར། དེས་ན་འདི་དངོས་སྨྲ་བ་ལ་འཕངས་པ་ཡིན་པའི་གནད་འདི་སྙིང་ལ་བཅང་བར་བྱའོ། །ཉན་རང་འཕགས་པ་ནི་དབུ་མ་པ་ཡིན་པས་བདེན་གྲུབ་ཀྱི་ཆོས་ཅུང་ཟད་ཀྱང་ཁས་མི་ལེན་ཏེ། རིགས་པ་དྲུག་ཅུ་པ་ལས། དངོས་པོ་གཟུགས་བརྙན་ལྟ་བུར་ནི། །ཡེ་ཤེས་མིག་གིས་རབ་མཐོང་ན། །བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱི་འདམ་ལ་མི་ཆགས་སོ། །ཞེས་གསུངས་པའི་ཕྱིར། ཆོས་གང་བདེན་མེད་དུ་མ་རྟོགས་ན་ཆོས་དེ་ལ་བདེན་འཛིན་ཡོད་པས་མ་ཁྱབ་སྟེ། བུམ་པ་ལྟ་བུ་གཅིག་ལ་ཡང་བདེན་འཛིན་མངོན་གྱུར་པ་དང་། བདེན་མེད་དུ་རྟོགས་པའི་ཤེས་རབ་གང་ཡང་མེད་པའི་བཏང་སྙོམས་པའི་གནས་སྐབས་སྲིད་པའི་ཕྱིར་དང་། ཉན་རང་འཕགས་པས་སྔར་ཚོགས་ལམ་དུ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ཚེ་ཆོས་ཐམས་ཅད་གཅིག་ཆར་བའམ་རིམ་གྱིས་བདེན་འཛིན་གྱི་སྤྲོས་པ་བཤིག་ནས་བདེན་མེད་དུ་གཏན་ལ་ཕབ་སྟེ། དེ་ལྟར་དོན་སྤྱིའི་ཚུལ་གྱིས་གོ་ཟིན་པ་ཡང་སྲིད་པའི་ཕྱིར། ད་ལྟ་ཉན་རང་འཕགས་པས་ཆོས་ཐམས་ཅད་བདེན་སྟོང་དུ་མངོན་སུམ་དུ་མ་རྟོགས་པ་ནི། ཆོས་ཀྱི་བདག་མེད་ཡོངས་རྫོགས་མ་བསྒོམས་པའི་གནད་ཀྱིས་ཡིན་པ་སྔར་བཤད་ཟིན་པ་ལྟར་རོ། རོང་སྟོན་ཆེན་པོས། ཉན་རང་འཕགས་པ་གཟུགས་སོགས་ལ་འདོད་པའི་འདོད་ཆགས་དང་བྲལ་བའི་བར་མར་བྱས་ནས་གཟུགས་སོགས་རང་བཞིན་མེད་པར་མ་རྟོགས་པར་བཞེད་པ་ནི་ཐལ་འགྱུར་བའི་ལུགས་ལ་མི་འཐད་དེ། ཟླ་བའི་ཞབས་ཀྱི་བཞེད་སྲོལ་དང་འགལ་བའི་ཕྱིར། ཇི་ལྟར་ཞེ་ན། གཟུགས་སོགས་ལ་འདོད་པའི་འདོད་ཆགས་དང་བཅས་པའི་འདོད་ཁམས་པ་ནི་བྱིས་པ་དང་། གཟུགས་སོགས་ལ་འདོད་པའི་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་གང་རུང་ཐོབ་སྟེ། འདོད་ཁམས་ལས་འདས་པའི་ཁམས་གོང་མ་གཉིས་ནི་བར་མ་དང་། གཟུགས་སོགས་གཟུགས་བརྙན་བཞིན་དུ་རང་བཞིན་གྱིས་སྟོང་པར་ཁོང་དུ་ཆུད་པའི་ཐེག་པ་གསུམ་གྱི་འཕགས་པའི་ཚོགས་ནི་གཟུགས་ཀྱི་རང་བཞིན་ཤེས་པའི་བློ་མཆོག་ལྡན་པ་ཡིན་པར་ཟླ་བའི་ཞབས་ཀྱི་བཞེད་པ་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་དག་ནི་ཆགས་བྲལ་གྱུར། །གཟུགས་ཀྱི་རང་བཞིན་ཤེས་པ་ཡི། །བློ་མཆོག་ལྡན་པ་རྣམ་པར་གྲོལ། །ཞེས་དང་། དེའི་འགྲེལ་པ་ཟླ་བས་མཛད་པ་ལས། དེ་ལྟར་བྱིས་པ་ཕག་དེ་དག་ནི་མི་གཙང་བ་ལ་ཕག་བཞིན་དུ་གཟུགས་རྣམས་ལ་ཆགས་སོ། །བར་མ་དག་ནི་གང་དག་གིས་མི་གཙང་བ་ལ་ཇི་ལྟར་གནས་པ་བཞིན་དུ་སྨོད་ཅིང་། གཟུགས་ལ་སྡུག་བསྔལ་བརྒྱ་ཕྲག་དུ་མ་བསགས་པར་མཐོང་སྟེ། གཟུགས་ལ་འདོད་ཆགས་དང་བྲལ་བར་གྱུར་ནས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་སྟེ། འདོད་པའི་ཁམས་ལས་ཤིན་ཏུ་འདས་པ་དེ་དག་ནི་བར་མའོ། །གང་དག་གཟུགས་ཀྱང་ངོ་བོ་ཉིད་ཀྱིས་མེད་དེ། གཟུགས་བརྙན་བཞིན་དུ་ཁོང་དུ་ཆུད་པ་དེ་དག་ནི། གཟུགས་ལ་སོང་བའི་རྣམ་པར་རྟོག་པ་རྣམས་ལས་གདོན་མི་ཟ་བར། ཞེས་སོགས་དང་། སྒྱུ་མའི་སྐྱེས་བུ་བཞིན་དུ་འགྲོ་བ་དབེན་ཞིང་སྟོང་སྟེ། མྱ་ངན་ལས་འདས་པ་མཐོང་ནས་གང་དག་མྱ་ངན་ལས་འདས་པར་གྱུར་པ་དེ་དག་ནི་བློའི་མཆོག་དང་ལྡན་པ་སྟེ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་བཅོམ་ལྡན་འདས་སུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཟུགས་ལ་སོང་བའི་ཞེས་པ་ནི། གཟུགས་ལ་དམིགས་པའི་ཞེས་པ་ཡིན་པར་གོ་དགོས་སོ། །རིགས་པར་དྲི་ལན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། བར་མ་དག་ནི་ཆགས་བྲལ་གྱུར། །ཞེས་པའི་དངོས་བསྟན་གྱི་བར་མ་མ་ཡིན་པར་ཐལ། བློ་མཆོག་ལྡན་པ་རྣམ་པར་གྲོལ། །ཞེས་པའི་དངོས་བསྟན་གྱི་བློ་མཆོག་ལྡན་པ་ཡིན་པའི་ཕྱིར། དེ་དག་ནི་བློའི་མཆོག་དང་ལྡན་པ་སྟེ་ཞེས་པའི་དངོས་བསྟན་གྱི་བློ་མཆོག་ལྡན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་བཅོམ་ལྡན་འདས་སུ་ཤེས་པར་བྱའོ་ཞེས་པའི་དངོས་བསྟན་གྱི་ཉན་ཐོས་སོགས་གསུམ་པོ་གང་རུང་ཡིན་པའི་ཕྱིར། ཡང་ཉན་རང་དགྲ་བཅོམ་པ་ཆོས་ཅན། འདོད་པའི་འདོད་ཆགས་དང་བྲལ་བའི་ཁམས་གོང་མའི་སོ་སྐྱེ་ཡིན་པར་ཐལ། བར་མ་དག་ནི་ཆགས་བྲལ་གྱུར། །ཞེས་པའི་དངོས་བསྟན་གྱི་བར་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། འགྲེལ་པ་ལས། བར་མ་རྣམས་ནི་འཇིག་རྟེན་པ་རྣམས་ཏེ། འདོད་པའི་འདོད་ཆགས་དང་བྲལ་བའོ། །བྱིས་པ་རྣམས་ནི་འདོད་པ་ལ་ཆགས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེས་ན། བློ་མཆོག་ལྡན་པ་རྣམ་པར་གྲོལ། །ཞེས་པའི་དངོས་བསྟན་གྱི་བློ་མཆོག་ལྡན་པ་དང་། བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱི་འདམ་ལ་མི་ཆགས་སོ། །ཞེས་པའི་དངོས་བསྟན་གྱི་བདག་ཉེད་ཆེན་པོ་དང་། དངོས་དང་དངོས་མེད་ཡོངས་ཤེས་པ། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་པའི་དངོས་བསྟན་གྱི་བདག་ཉིད་ཆེན་པོ་དང་། དངོས་དང་དངོས་མེད་རྣམ་རྟོགས་པ། །དོན་ཤེས་གྱུར་ལ་མི་འབྱུང་ངོ་། །ཞེས་པའི་དངོས་བསྟན་གྱི་དངོས་དང་དངོས་མེད་རྟོགས་པའི་གང་ཟག་རྣམས་དོན་གཅིག མཚན་གཞི་ནི། ཐེག་པ་གསུམ་གྱི་འཕགས་པ་ལ་འཇོག རྒྱུ་མཚན་དེའི་ཕྱིར་ན་ཐེག་པ་གསུམ་ཀའི་འཕགས་པས་གཟུགས་སོགས་ཡོད་མེད་ཀྱི་མཐའ་གཉིས་ཀ་དང་བྲལ་བའི་སྟོང་ཉིད་རྟོགས་པ་ཡིན་ཏེ། གཟུགས་སོགས་དངོས་པོའི་རང་གི་མཚན་ཉིད་མ་དམིགས་པར་མངོན་སུམ་དུ་རྟོགས་པ་ནི། གཟུགས་སོགས་བདེན་པའི་དངོས་པོར་མེད་པའི་རང་བཞིན་ཡང་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་སྐད་དུ། དངོས་དང་དངོས་མེད་རྣམ་རྟོགས་པ། །ཞེས་པའི་འགྲེལ་པ་ལས། གང་གིས་འགྲོ་བ་སྒྱུ་མ་བཞིན་དུ་དམིགས་པ་དེས་དངོས་པོ་དང་དངོས་པོ་མེད་པའི་རང་གི་མཚན་ཉིད་ངོ་བོར་མི་དམིགས་པས་དངོས་པོ་དང་དངོས་པོ་མེད་པ་ཡོངས་སུ་ཤེས་ཏེ། དེ་གཉིས་ལ་ཡོངས་སུ་མི་རྟོག་པའི་ཕྱིར་རྣམ་པར་རྟོགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན་ཉན་རང་འཕགས་པས་གཉིས་ཀ་དང་གཉིས་མིན་གྱི་མཐའ་དང་བྲལ་བའི་སྟོང་ཉིད་ཀྱང་རྟོགས་སམ་ཞེ་ན། གཉིས་ཀའི་མཐའ་དང་བྲལ་བར་རྟོགས་ཤིང་། མེད་པའི་མཐའ་དང་ཡང་བྲལ་བར་རྟོགས་ལ། གཉིས་ཀ་མ་ཡིན་པའི་མཐའ་དང་བྲལ་བར་རྟོགས་པ་ནི་ཁས་མི་ལེན་ཏེ། དེ་ལྟ་བུའི་མཐའ་བྲལ་ལ་ཉན་རང་གིས་ཐོས་བསམ་གྱི་སྒྲོ་འདོགས་ཀྱང་མ་བཅད། བསྒོམ་པས་ཉམས་ལེན་ཡང་མ་བྱས་པའི་ཕྱིར་ཏེ། དེ་ལྟར་བྱས་པའི་བཤད་ཚོད་མི་སྣང་བའི་ཕྱིར། གཉིས་ཀའི་མཐའ་དང་བྲལ་བར་རྟོགས་པ་ནི་རིགས་པས་གྲུབ་པ་ཡིན་ཏེ། བཤད་མ་ཐག་པ་ལྟར་རོ། །ལྔ་པ་ཕར་ཕྱིན་ལྷག་པའི་ཡོན་ཏན་ནི། ས་དང་པོའི་རྗེས་ཐོབ་ཏུ་ཕར་ཕྱིན་བཅུའི་ནང་ནས་སྦྱིན་པའི་ཕར་ཕྱིན་ལ་ལྷག་པར་སྤྱོད་ཚུལ་སློང་བ་པོ་བྱུང་ན་རང་གི་ལུས་ལས་ཤ་བཅད་དེ་སྟེར་བ་ལ་ཡང་བག་ཚ་བ་མེད་པར་གུས་པའི་ལུས་ངག་གི་མཚན་མ་དང་ལྡན་ཅིང་། མཚན་མ་དེའི་རྟགས་ལས་ནང་ན་སྤངས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་ཡོད་པར་རྟོགས་ནུས་པ་ཡིན་ཏེ། མདོ་སྡེ་ས་བཅུ་པ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་དང་། འཇུག་པ་ལས། དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུ། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །ཞེས་གསུངས་པའི་ཕྱིར། འདིའི་དངོས་བསྟན་གྱི་གཏན་ཚིགས་ཀྱི་མཚན་གཞི་ནི། ས་དང་པོའི་རྗེས་ཐོབ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་པོ་ཆོས་ཅན། ནང་ན་སྤངས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། སློང་བ་པོ་ལ་རང་གི་ལུས་ཀྱི་ཤ་བཅད་དེ་སྟེར་བ་ལ་ཡང་གུས་པའི་ལུས་ངག་གི་མཚན་མ་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །ས་དང་པོའི་རྗེས་ཐོབ་ཏུ་སྤྱོད་པའི་རྒྱུ་སྦྱིན་པའི་ཕར་ཕྱིན་དེ་ལ་འཁོར་གསུམ་དུ་དམིགས་མི་དམིགས་ཀྱི་སྒོ་ནས་འཇིག་རྟེན་ལས་འདས་མ་འདས་གཉིས་སུ་ཡོད་དེ། སྦྱིན་བྱའི་དངོས་པོ་སོགས་ཀྱི་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱི་རྩིས་ཟིན་པའི་སྦྱིན་པ་ནི། འཇིག་རྟེན་ལས་འདས་པའི་རྒྱུ་སྦྱིན་པའི་ཕར་ཕྱིན་དང་། འཁོར་གསུམ་བཏགས་ཡོད་ཙམ་དུ་མངོན་པར་ཞེན་པའི་ས་དང་པོའི་སྦྱིན་པ་ནི། འཇིག་རྟེན་པའི་རྒྱུ་སྦྱིན་པའི་ཕར་ཕྱིན་ཡིན་ཏེ། དེ་སྐད་དུ། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པ་དེ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །ཞེས་གསུངས་པའི་ཕྱིར། གསུམ་པོ་དག་ལ་ཆགས་སྐྱེས་ཞེས་པའི་དོན་བདེན་འཛིན་ལ་འཆད་པ་ནི་མི་འཐད་དེ། ས་དང་པོར་བདེན་འཛིན་མི་སྲིད་པའི་ཕྱིར། སེམས་བསྐྱེད་དང་པོ་བཤད་ཟིན་ཏོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号