༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི |
སྤེལ་དུས།04-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ། རྩོམ་པ་པོ། |
ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་མཐོང་ལམ་རིམ་སྐྱེས་པས། །མཐོང་སྤང་རྣམས་ནི་ལྡོག་པར་བྱེད། །ཅེས་གསུངས་པའི་ཕྱིར། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུ་སྐྱེས་མ་ཐག་པའི་དཔེས་མཚོན་པའི་བྱང་སེམས་ནི། ས་དང་པོ་པ་ལ་བྱེད་རིགས་པ་ཡིན་ཏེ། དེའི་དཔེས་མཚོན་པའི་བྱང་སེམས་དོན་དམ་སེམས་བསྐྱེད་ཐོབ་མ་ཐག་པའི་བྱང་སེམས་ཡིན་པའི་ཕྱིར་ཏེ། མདོ་སྡེ་ས་བཅུ་པ་ལས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས། ཞེས་གསུངས་པའི་སེམས་བསྐྱེད་མ་ཐག་པ་དེ་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་པ་ལ་བྱེད་རིགས་པའི་ཕྱིར། བྱམས་པའི་རྣམ་ཐར་ལས་གསུངས་པའི་རྒྱལ་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་པ་དང་། ནམ་མཁའ་ལྡིང་གི་དབང་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པའི་དཔེས་མཚོན་པའི་བྱང་སེམས་ནི། ས་དང་པོ་ནས་ས་དྲུག་པ་མན་ཆད་ཀྱི་བྱང་སེམས་ཐམས་ཅད་ཡིན་ཏེ། དེ་དག་སྐྱེས་ནས་རིང་པོར་ལོན་པའི་དཔེས་མཚོན་པའི་བྱང་སེམས་ནི་ས་བདུན་པ་རིང་དུ་སོང་བ་ཐོབ་པ་ནས་འཇོག་པར་རིགས་པས་གྲུབ་པའི་ཕྱིར་དང་། ས་བཅུ་པ་ལས་ཀྱང་། དཔེ་འཆད་པའི་ཚེ་ནམ་དེ་ནར་སོན་པ་དེའི་ཚེ་ཞེས་དང་། དོན་གྱི་ཚེ་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཞེས་གསུངས་པའི་ཕྱིར། ཁ་ཅིག འཇུག་པའི་དངོས་བསྟན་གྱི་བྱང་སེམས་ཡིན་ན། བྱང་སེམས་འཕགས་པ་ཡིན་པས་ཁྱབ་སྟེ། སེམས་བསྐྱེད་བཅུ་པོ་རང་རང་གི་དངོས་བསྟན་གྱི་བྱང་སེམས་ལ། ས་དང་པོ་པ་སོགས་དེ་དང་དེ་ཡིན་པས་ཁྱབ་པའི་ཕྱིར་ཟེར་བ་མི་འཐད་དེ། འོ་ན་སློང་བ་པོ་ལ་རང་གི་ལུས་ལས་ཤ་བཅད་ནས་བྱིན་པའི་ཚེ་ལུས་ཚ་ཞིང་ན་བའི་སྡུག་བསྔལ་དང་ལྡན་པའི་བྱང་སེམས་ཆོས་ཅན། བྱང་སེམས་འཕགས་པ་ཡིན་པར་ཐལ། འཇུག་པའི་དངོས་བསྟན་གྱི་བྱང་སེམས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སེམས་བསྐྱེད་དང་པོའི་དངོས་བསྟན་གྱི་བྱང་སེམས་ཡིན་པའི་ཕྱིར་ཏེ། ལུས་བཅད་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས། །ཞེས་པའི་དངོས་བསྟན་གྱི་བྱང་སེམས་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ལུས་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་ལུས་ཚ་ཞིང་ན་བའི་སྡུག་བསྔལ་འབྱུང་བར་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། དེས་ན་བྱང་སེམས་སོ་སྐྱེའི་གནས་སྐབས་སུ་སྙིང་རྗེ་ལ་བརྟན་པ་ཐོབ་པ་འགའ་ཞིག་གིས་ལུས་ལས་ཤ་བཅད་ནས་སློང་བ་པོ་ལ་བྱིན་པའི་ཚེ་ལུས་རང་བཞིན་མེད་པར་མངོན་སུམ་དུ་མ་རྟོགས་པས་སྡུག་བསྔལ་འབྱུང་ཡང་སྙིང་རྗེའི་དབང་གིས་འགྱོད་པར་ཡང་མི་འགྱུར་ཞིང་། སེམས་ཅན་སྡུག་བསྔལ་བ་དག་གི་དོན་བྱེད་པ་ལ་ཆེས་བརྩོན་འགྲུས་བརྩམ་པར་འགྱུར་བ་ཡིན་ཏེ། ལུས་བཅད་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས། །གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་ནི། །དེ་གཅད་བྱ་ཕྱིར་མྱུར་དུ་བརྩོན་འགྲུས་རྩོམ། །ཞེས་དང་། རང་འགྲེལ་ལས། ཆགས་པ་མེད་པའི་གནས་སྐབས་མ་ཐོབ་པ་གང་ཞིག་ལུས་གནས་པ་དང་འགལ་བའི་ཡུལ་ཡང་དག་པར་བབས་པས། ལུས་ཀྱི་སྡུག་བསྔལ་གདོན་མི་ཟ་བར་འབྱུང་བ་དེའི་ཚེ་ཡང་སེམས་ཅན་གྱི་དོན་བྱ་བ་དག་ལ་ཆེས་ལྷག་པར་འཇུག་པའི་རྒྱུ་ཉིད་དུ་གནས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྙིང་རྗེའི་སེམས་གོམས་པ་ཕུལ་དུ་ཕྱིན་པ་མེད་ན་ཕྱིས་འགྱོད་པར་འགྱུར་སྲིད་པས་ལུས་བཏང་མི་བཏང་རང་གི་རྟོགས་པ་དང་སྦྱར་ནས་བྱ་དགོས་པ་ནི་གནད་ཀྱི་དོན་ཡིན་ཏེ། སྤྱོད་འཇུག་ལས། སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་གཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དུ་ཡང་། །དོན་ཆེན་འགྲུབ་པའི་རྒྱུར་གཏང་ངོ་། །ཞེས་གསུངས་པའི་ཕྱིར། གཉིས་པ་འཕྲོས་དོན་ལ། དོན་གསུམ་སྟེ། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པ་ལུང་རིགས་ཀྱིས་སྒྲུབ་པ། རང་རྒྱུད་པའི་རྩོད་པ་ལུང་རིགས་དང་འགལ་བར་བསྟན་པ། ཉན་རང་གིས་ཆོས་ཀྱི་བདག་མེད་མཐའ་དག་རྟོགས་མ་རྟོགས་ཀྱི་མཐའ་དཔྱད་པའོ། །དང་པོ་ནི། སྔར་གྱི་མདོ་སྡེ་ས་བཅུ་པའི་ལུང་དེ་ལས་ཉན་རང་འཕགས་པས་རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་གསལ་བར་ངེས་ཏེ། གལ་ཏེ་དེ་ལྟར་མ་ཡིན་ན་རིགས་པའི་གནོད་བྱེད་ཡོད་པའི་ཕྱིར། དེ་སྐད་དུ། རང་འགྲེལ་ལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ཏེ། དེ་ལྟར་མ་ཡིན་ན་ཞེས་གསུངས་སོ། །རིགས་པ་ཇི་ལྟ་བུ་ཞེ་ན། ས་དང་པོ་པས་ཀྱང་ཉན་རང་བློ་གྲོས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ། ཉན་རང་གིས་ཕུང་ཁམས་སྐྱེ་མཆེད་ཀྱི་དངོས་པོ་རྣམས་རང་བཞིན་མེད་པར་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དཔེར་ན་འདོད་པ་ལ་འདོད་ཆགས་དང་བྲལ་བའི་འཇིག་རྟེན་པ་བཞིན་ནོ། །ཡང་ཉན་རང་གིས་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པའི་ཕྱི་རོལ་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་མ་སྤངས་པར་ཐལ། གཟུགས་སོགས་རང་གི་ངོ་བོ་ལ་བདེན་པར་དམིགས་པའི་ཕྱིར། ཡང་ཉན་རང་གིས་གང་ཟག་གི་བདག་མེད་ཀྱང་མ་རྟོགས་པར་ཐལ། གང་ཟག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་ཏེ། ཕུང་པོ་བདེན་མེད་དུ་མ་རྟོགས་པའི་ཕྱིར། རིགས་པ་དེ་རྣམས་ལ་ཁྱབ་འབྲེལ་ཡང་ཡོད་དེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་དུ་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པས། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུ་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་གསུངས་པའི་ཕྱིར་དང་། དེ་དག་གི་དོན་ཡང་ཕུང་པོ་བདེན་མེད་དུ་མ་རྟོགས་པར་དེ་ལ་བདེན་འཛིན་ཡོད་ན་ངར་འཛིན་པའི་འཇིག་ལྟ་འབྱུང་ཞིང་། དེས་ཉོན་མོངས་བསྐྱེད་ཅིང་ལས་བསགས་ནས་འཁོར་བར་སྐྱེ་བ་འབྱུང་བ་དང་། ཕུང་པོ་རང་གཞན་གཉིས་ཀ་དང་དུས་གསུམ་གང་དུའང་མ་རྙེད་པར་བདེན་མེད་དུ་རྟོགས་ན་འཁོར་བའི་རྩ་བ་ངར་འཛིན་ཡང་ཟད་པར་འགྱུར་བས་འཁོར་བར་སྐྱེ་བ་མི་འབྱུང་ཞེས་པའི་གོ་དོན་ཡིན་པའི་ཕྱིར། ཡང་དེ་བཞིན་དུ་ཉན་རང་གིས་འབྱུང་བ་དང་འབྱུང་འགྱུར་གང་རུང་གིས་བསྡུས་པའི་གཟུགས་དབང་པོ་ལྔ་དང་། དོན་ལྔ་སྟེ་བཅུ་དང་། རྣམ་ཤེས་དང་ཚོར་བ་ལ་སོགས་པའི་ཕུང་པོ་ལྔ་བདེན་མེད་དུ་རྟོགས་པ་ལ་བརྟེན་ཐར་པ་མྱང་འདས་ཐོབ་པར་བཤད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་མིག་ནི་འཁྲུལ་པ་ཡིས། །འགལ་མེའི་འཁོར་ལོ་འཛིན་བྱེད་པ། །དེ་བཞིན་དབང་པོ་རྣམས་ཀྱིས་ནི། །ད་ལྟའི་ཡུལ་དག་འཛིན་པར་བྱེད། །དབང་པོ་དང་ནི་དབང་དོན་རྣམས། །གལ་ཏེ་འབྱུང་ལྔའི་རང་བཞིན་འདོད། །འབྱུང་བ་སོ་སོར་དོན་མེད་པས། །འདི་དག་དོན་དུ་དོན་མེད་དོ། །ཞེས་པ་ནས། དེ་ལྟར་ཡང་དག་ཇི་བཞིན་དུ། །འགྲོ་བ་དོན་མེད་ཤེས་ནས་ནི། །རྒྱུ་མེད་པ་ཡི་མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདའ། །ཞེས་པའི་བར་ཚིགས་བཅད་དགུ་གསུངས་པའི་ཕྱིར་དཀའ་འགྲེལ་སྤར་མ་ལས་ཚིགས་བཅད་བཅུ་དགུ་ཞེས་འབྱུང་ཡང་། བཅུ་ཞེས་པ་ཡི་གེ་པས་ལྷག་པ་ཡིན་ནོ། །ལུང་འདི་དག་ཉན་རང་གི་དབང་དུ་བྱས་ནས་གསུངས་པ་ཡིན་ཏེ། གནས་མེད་ལེན་མེད་མྱ་ངན་འདའ། །ཞེས་པའི་མཇུག་ཐོག་ཁོ་ནར། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་ཉིང་མཚམས་སྦྱོར། །ཞེས་གསུངས་པའི་ཕྱིར། ཉན་རང་གིས་དེ་ལྟར་རྟོགས་པ་ཉན་ཐོས་ལ་བསྟན་པའི་མདོའི་དགོངས་པ་ཡང་ཡིན་ཏེ། ཉན་ཐོས་རྣམས་ཀྱིས་ཉོན་སྒྲིབ་སྤང་བར་བྱ་བའི་ཕྱིར་དུ་མདོ་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་སྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་པའི་ཕྱིར། མདོའི་དོན་དེ་ཉིད་རྩ་ཤེ་ལས་ཀྱང་བཤད་པ་ཡིན་ཏེ། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པས་དེ་ཕྱིར་བཟོད་པར་གྱིས། །ཞེས་དང་། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པ་མཛད། །ཅེས་གསུངས་པའི་ཕྱིར། ཚིགས་བཅད་ཕྱི་མ་འདིས་ནི་ཉན་རང་གིས་ཆོས་གང་བདེན་མེད་དུ་རྟོགས་པ་དེ་ཡོད་མེད་གཉིས་ཀའི་མཐའ་དང་བྲལ་བར་རྟོགས་པར་བསྟན་པ་ཡིན་ཏེ། ཉན་རང་གིས་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཚེ་བདེན་མེད་དུ་མངོན་པར་ཞེན་པ་མེད་པས་བདེན་མེད་ཀྱི་མཐའ་དང་བྲལ་བ་ཡང་རྟོགས་པའི་ཕྱིར་དང་། རིགས་པ་དྲུག་ཅུ་པ་ལས། དངོས་དང་དངོས་མེད་ཡོངས་ཤེས་པ། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་གསུངས་པར་ཐེག་པ་གསུམ་ཀའི་ཐུན་མོང་བའི་དབང་དུ་བྱས་ནས་འཆད་རིགས་པའི་ཕྱིར་ཏེ། གནད་འདི་འོག་ཏུ་ཅུང་ཟད་འཆད་པར་འགྱུར་རོ། །གཉིས་པ་ནི། སངས་རྒྱས་བསྐྱངས་ཀྱིས་རབ་བྱེད་ཉེར་བདུན་པའི་འགྲེལ་པར། ཐེག་དམན་གྱི་མདོར་ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་དོན། ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པའི་དོན་དུ་བཤད་པ་ལ། ལེགས་ལྡན་བྱེད་ཀྱི་ཤེས་རབ་སྒྲོན་མེར། དེ་ལྟར་ཡིན་ན་ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་བས་སོ། །ཞེས་པའི་རྩོད་པ་མཛད་ཅིང་། དེའི་ལན་སློབ་དཔོན་འདིས་གནང་བར་བཞེད་པ་ཡིན་ཏེ། རང་འགྲེལ་ལས། གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པར་བསྟན་ན། དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་སྙམ་པ་དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟོགས་སོ། །ཞེས་གསུངས་པའི་ཕྱིར། ལུང་རིགས་དང་འགལ་ཚུལ་ནི། ཁྱོད་ཀྱིས་ཐེག་ཆེན་བསྟན་པ་དོན་མེད་པར་ཐལ། ཉན་ཐོས་ཀྱི་ཐེག་པ་ལ་ཆོས་ཀྱི་བདག་མེད་བསྟན་པའི་ཕྱིར། ཞེས་པ་དེ་ལ་ཁྱབ་པ་མ་བྱུང་སྟེ། ཐེག་པ་ཆེན་པོ་ནི་ཆོས་ལ་བདག་མེད་པའི་ལྟ་བ་ཁོ་ན་སྟོན་བྱེད་མ་ཡིན་པའི་ཕྱིར་ཏེ། ཐེག་པ་ཆེན་པོ་ལས་ལྟ་བར་མ་ཟད་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་ཕྱོགས་ཀྱི་ཉམས་ལེན་ཡང་བསྟན་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་པར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་ཟུངས། །ཞེས་གསུངས་པའི་ཕྱིར། ཡང་གོང་གི་དེ་ལ་ཁྱབ་པ་མ་ངེས་པའི་ཤེས་བྱེད་གཞན་ཡང་ཡོད་དེ། ཆོས་ལ་བདག་མེད་པའི་ལྟ་བ་བརྗོད་བྱར་གསལ་བའི་ཕྱིར་ཡང་ཐེག་པ་ཆེན་པོ་བསྟན་པ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་ལས་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་ཅིང་། ཉན་ཐོས་ཀྱི་ཐེག་པ་ལས་མདོར་བསྡུས་ཙམ་ཞིག་བསྟན་པའི་ཕྱིར། དེ་སྐད་དུ། ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཡི་ཕྱིར་ན་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པ་ཡིན་ནོ། །འདི་དག་ནི་རང་འགྲེལ་ལས། ཐེག་པ་ཆེན་པོ་བསྟན་པས་ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པ་དང་། ཡོངས་སུ་བསྔོ་བ་དང་། ཚོགས་གཉིས་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་ཡིན་ནོ། །ཞེས་པ་ནས་ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཞེས་སོགས་ཀྱི་དོན་གོ་བདེ་བར་བཤད་པ་ཙམ་ཡིན་ནོ། །ཆོས་ཀྱི་བདག་མེད་གསལ་བའི་དོན་ནི། བརྗོད་བྱར་བསྟན་པའི་བརྗོད་བྱར་གསལ་བའི་ཆེད་དུ་ཐེག་པ་ཆེན་པོ་བསྟན་པར་སྒྲུབ་པ་ཡིན་ལ། ཆོས་ཀྱི་བདག་མེད་རྒྱས་པ་དང་། ཚང་བ་ནི་དོན་གཅིག་པ་ཡིན་ཏེ། ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པའི་ལུང་གི་ཤེས་བྱེད་དུ། དེ་ནི་ཚང་བར་བསྟན་པ་ལགས། །ཞེས་པའི་གཞུང་འདི་འདྲེན་པར་མཛད་འདུག་པའི་ཕྱིར། ཐེག་ཆེན་ལས་ཆོས་ཀྱི་བདག་མེད་རྒྱས་པ་དང་ཚང་བའི་གོ་དོན་ནི། རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་རྣམས་བདེན་སྟོང་དུ་རྟོགས་པ་དེ་ཙམ་མ་ཡིན་པར། སྤྱིར་རང་རྒྱུད་གཞན་རྒྱུད་དང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་པའི་ལྟ་བ་དེ་ཐེག་ཆེན་ལས་བསྟན་ཅིང་། དེ་ཐེག་ཆེན་ཁོ་ན་ལ་ཡོད་ཅེས་པའི་དོན་ཡིན་ཏེ། སྤྱིར་མཚན་མ་མེད་པའི་སྟོང་ཉིད་མ་རྟོགས་པར་ཐར་པའི་བྱང་ཆུབ་ཐོབ་པ་མེད་པའི་ཕྱིར་ན། ཐེག་ཆེན་གྱི་སྡེ་སྣོད་ལས། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པའི་རྒྱུ་མཚན་མེདཾ་ཚང་བར་བསྟན་པ་ཡིན་པ་ནི། སྔར་དྲངས་མ་ཐག་པའི་ཀླུ་སྒྲུབ་ཀྱི་ལུང་དེའི་དོན་ཡིན་པའི་ཕྱིར། ཆོས་ཀྱི་བདག་མེད་མདོར་བསྡུས་པའི་དོན་ནི། ཐར་པ་ཐོབ་པའི་རྒྱུར་གྱུར་པའི་ཆོས་ལ་བདག་མེད་པ་ཙམ་གྱི་ལྟ་བ་དེ་ལ་འཇོག་པ་ཡིན་ཏེ། ཉེར་ལེན་གྱི་ཕུང་པོས་བསྡུས་པའི་ཆོས་རྣམས་བདེན་མེད་དུ་རྟོགས་པ་ལ་ཆོས་ཀྱི་བདག་མེད་མདོར་བསྡུས་པ་རྟོགས་པར་འཇོག་པའི་ཕྱིར། མདོར་ན་ཐེག་ཆེན་ལས། འབྲས་བུ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཐོབ་བྱར་བཞེད་པས་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་དགོས་པའི་ཕྱིར། ཉན་ཐོས་ཀྱི་ཐེག་པ་ལས་རང་ཉིད་གཅིག་པུའི་དོན་དུ་ཐར་པ་ཙམ་ཐོབ་བྱར་བཞེད་པས། ཆོས་ཀྱི་བདག་མེད་རྒྱས་པར་མ་བསྟན་པ་ཡིན་ཏེ། ཐར་པ་ཙམ་དོན་དུ་གཉེར་བ་ལ་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པ་དོན་མེད་པའི་ཕྱིར་ཏེ། ཐར་པ་ཙམ་དོན་དུ་གཉེར་བས་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་མི་བསྒོམ་པར་བཤད་པའི་ཕྱིར། རྫོགས་པར་མི་བསྒོམ་པའི་གནད་ཀྱང་ཉན་རང་གི་རིགས་ཅན་གྱིས་ཉོན་སྒྲིབ་ཙམ་སྤོང་བ་དོན་དུ་གཉེར། ཤེས་སྒྲིབ་སྤོང་བ་དོན་དུ་མི་གཉེར་བས་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ཆོས་ཀྱི་བདག་མེད་བསྒོམ་ལ། ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ཆོས་ཀྱི་བདག་མེད་མི་བསྒོམ་པ་ཡིན་ནོ། །གསུམ་པ་ཉན་རང་གིས་ཆོས་ཀྱི་བདག་མེད་མཐའ་དག་རྟོགས་མ་རྟོགས་ཀྱི་མཐའ་དཔྱད་པ་ལ། མཁས་པའི་བཞེད་པའི་རྣམ་གྲངས་འགོད་པ། དེ་ལ་འཐད་མི་འཐད་ཀྱི་ཆ་དབྱེ་བ། རང་ལུགས་ཟླ་བའི་དགོངས་པ་ཚུལ་བཞིན་དུ་བཤད་པ་དང་གསུམ། དང་པོ་ནི། རང་རེ་ས་ཕྱོགས་པ་ཁ་ཅིག་ཉན་རང་གིས་གང་ཟག་གི་བདག་མེད་ཙམ་རྟོགས་ཤིང་། ཆོས་ཀྱི་བདག་མེད་ཡེ་མ་རྟོགས་ལ། གང་ཟག་གི་བདག་མེད་དེ་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་ཙམ་ལ་འཇོག་པས་སྟོང་ཉིད་མཚན་ཉིད་པ་ཉན་རང་གིས་མ་རྟོགས་པར་བཞེད་ཅིང་། རྗེ་ཙོང་ཁ་པའི་བཞེད་པས། ཐེག་གསུམ་གྱི་འཕགས་པས་ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་པ་ལ་ཁྱད་པར་མེད་ཅིང་། མཐའ་ཕྱི་མ་ནི་འགོག་ཏུ་མི་རུང་བས་དེ་དང་བྲལ་བར་རྟོགས་པ་མེད་ལ། དེས་ན་ཐེག་པ་ཆེ་ཆུང་གི་རྟོགས་བྱའི་ལྟ་བ་ལ་ཁྱད་པར་མེད། དེའི་རྒྱུ་མཚན་ཡང་རྩ་ཤེ་སོགས་ཡབ་སྲས་ཀྱི་གཞུང་རྣམས་ལས། ཆོས་ཀུན་རང་གི་ངོ་བོས་སྟོང་པར་སྒྲུབ་པའི་རིགས་པའི་རྣམ་གཞག་མང་དུ་གསུངས་པ་རྣམས་ཐེག་པ་ཐུན་མོང་བའི་དབང་དུ་བྱས་པ་མ་གཏོགས། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་བྱར་གྱུར་པའི་སྟོང་ཉིད་སྒྲུབ་བྱེད་ཀྱི་རིགས་པ་ཟུར་དུ་མ་གསུངས་པ་དང་། འཇུག་པ་རང་འགྲེལ་ལས། ཆོས་ཀྱི་བདག་མེད་རྒྱས་བསྡུས་གསུངས་པ་ནི། སྒྲུབ་བྱེད་ཀྱི་རིགས་པ་རྒྱས་བསྡུས་ལ་འཇོག་པ་ཡིན་གྱི། རྟོགས་བྱ་ཆོས་ཀྱི་བདག་མེད་ལ་རྒྱས་བསྡུས་འབྱེད་པ་མ་ཡིན་ནོ། །ཞེས་བཞེད། ཕྱི་རབས་བསྟན་འཛིན་ཡོངས་ཀྱི་གཙུག་རྒྱན་དམ་པ་གོ་ཤཱཀ་ཅེས་ཉི་ཟླ་ལྟར་གྲགས་པའི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཞེད་པས། དབུ་མ་བཞི་བརྒྱ་པ་ལས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཕྱི་ནས་ལྟ་གཞི་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་གསུངས་པ་ལྟར། དང་པོར་བསོད་ནམས་མིན་པ་བཟློག་པ། བར་དུ་བདག་བཟློག་པ། མཐའ་མར་ལྟ་བ་ཀུན་བཟློག་གི་ལྟ་བ་དང་གསུམ་དུ་ཕྱེས་ནས། དང་པོ་དེ་ལས་འབྲས་ལ་བླང་དོར་ཚུལ་བཞིན་དུ་བྱེད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིན། གཉིས་པ་དེ་ཉན་རང་དང་ཐུན་མོང་བའི་ལྟ་བ། གསུམ་པ་དེ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་པས། གསུམ་པ་འདི་ཉན་རང་གིས་ཅུང་ཟད་ཀྱང་མ་རྟོགས་ཏེ། འདི་མཐའ་བཞི་སྤྲོས་པ་ཀུན་དང་བྲལ་བའི་ལྟ་བ་དང་དོན་གཅིག་པའི་ཕྱིར་ཞེས་བཞེད་དོ། །གཉིས་པ་ནི། དེ་དག་ལ་བློ་གཟུ་བོས་དཔྱད་ན་འདི་ལྟར་མཐོང་སྟེ། ལུགས་དང་པོ་དེ་ལ། ཉན་རང་ཆོས་ཅན། ཁྱོད་ཀྱིས་ཆོས་ཀྱི་བདག་མེད་ཡེ་མ་རྟོགས་པ་མི་འཐད་པར་ཐལ། ཁྱོད་ཀྱིས་ཆོས་ཀྱི་བདག་མེད་ཅུང་ཟད་རྟོགས་ལ་དེ་རྫོགས་པར་མ་རྟོགས་པའི་ཁྱད་པར་འཐད་པའི་ཕྱིར་ཏེ། ཁྱོད་ཀྱིས་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ཆོས་ཀྱི་བདག་མེད་ཙམ་རྟོགས་ཤིང་། ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ཆོས་ཀྱི་བདག་མེད་མ་རྟོགས་པ་འཐད་པའི་ཕྱིར། མ་གྲུབ་ན། རང་འགྲེལ་གྱི་ལུང་གིས་གནོད་ཚུལ་འོག་ཏུ་འབྱུང་ངོ་། །ཡང་ཉན་རང་འཕགས་པ་ཆོས་ཅན། ཁྱོད་ཀྱིས་སྟོང་ཉིད་རྟོགས་པར་ཐལ། གང་ཟག་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། གང་ཟག་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། མ་གྲུབ་ན། ཉན་རང་གིས་བདེན་མེད་དུ་རྟོགས་པའི་ཆོས་མེད་པར་ཐལ་ལོ། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་ལ་གང་ཟག་གི་བདག་གིས་སྟོང་པར་འཇོག་པ་ཡང་མི་འཐད་དེ། དེ་ནི་མདོ་སྡེ་པ་སོགས་གྲུབ་མཐའ་འོག་མའི་ལུགས་ཡིན་གྱི། དབུ་མའི་ལུགས་ལ་དེ་ལྟར་མི་འཐད་པའི་ཕྱིར་ཏེ། གང་ཟག་རང་གི་ངོ་བོས་སྟོང་པ་ལ་གང་ཟག་གི་བདག་མེད་དང་། གང་ཟག་རང་གི་ངོ་བོས་གྲུབ་པར་འཛིན་པ་ལ་གང་ཟག་གི་བདག་འཛིན་དུ་འཇོག་པ་ཡིན་པའི་ཕྱིར་ཏེ། ཡབ་སྲས་ཀྱི་གཞུང་ལས་དེ་ལྟར་དུ་བཤད་པའི་ཕྱིར། ལུགས་གཉིས་པ་དེ་ལ། འོ་ན་ཐེག་པ་གསུམ་བསྒོམ་པ་ཉམས་ལེན་ལ་ཁྱད་པར་མེད་པར་ཐལ། དེ་གསུམ་རྟོགས་བྱའི་ལྟ་བ་ལ་ཁྱད་པར་མེད་པའི་ཕྱིར། འདོད་ན། དེ་གསུམ་ཐོབ་བྱ་འབྲས་བུ་ལ་ཡང་ཁྱད་པར་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་ལ་སྐུར་བ་བཏབ་པར་འགྱུར་རོ། །ཡང་ཉན་རང་འཕགས་པ་ཆོས་ཅན། ཁྱོད་ཀྱིས་ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པར་ཐལ། ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་ལ་བསྒོམ་བྱུང་གཙོ་བོར་གྱུར་པའི་ཤེས་རབ་མ་བསྐྱེད་པའི་ཕྱིར་ཏེ། ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་ལ་བསྒོམ་པ་ཉམས་ལེན་སྔོན་དུ་མ་སོང་བའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་རྫོགས་པར་བསྒོམ་པ་སྔོན་དུ་མ་སོང་བའི་ཕྱིར། མ་གྲུབ་ན། རང་འགྲེལ་ལས། ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པ་བསྒོམ་པ་མེད་དེ། ཞེས་གསུངས་པ་དང་དངོས་སུ་འགལ་ལོ། །ཡང་གནས་ལུགས་ལ་དཔྱོད་པའི་ཚེ་མཐའ་ཕྱི་མ་འགོག་ཏུ་མི་རུང་བ་དེ་ཡང་མི་འཐད་པར་ཐལ། དེའི་ཚེ་མཐའ་བཞི་ཆར་དགག་དགོས་པའི་ཕྱིར་ཏེ། རྩ་ཤེ་ལས། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བརྗོད་དོ། །གཉིས་དང་གཉིས་མིན་མི་བྱ་ཞིང་། །ཞེས་གསུངས་པ་དེ་འཐད་པའི་ཕྱིར། སྒྲུབ་བྱེད་རིགས་པ་རྒྱས་བསྡུས་ཀྱི་དོན་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ལས་རིགས་པ་བསྟན་ཚུལ་རྒྱས་བསྡུས་ཙམ་ལ་བྱེད་ན་འགལ་བ་ཆེར་མེད་ཀྱང་། ཁྱོད་ཀྱིས་གཞི་གཅིག་བདེན་མེད་དུ་བསྒྲུབ་པ་ལ་ཡང་། ཐེག་ཆེན་པས་སྒྲུབ་བྱེད་རིགས་པ་མི་འདྲ་བ་མཐའ་ཡས་པས་བསྒྲུབས། ཐེག་དམན་ལ་རིགས་པ་མདོར་བསྡུས་པ་གཅིག་གིས་གྲུབ་ན། རིགས་པ་མཐའ་ཡས་པས་བསྒྲུབ་མི་དགོས་པས། རྒྱས་བསྡུས་སུ་འཇོག་ཟེར་བ་ནི་རིགས་པས་དངོས་སུ་གནོད་དེ། འོ་ན་ཐེག་པ་ཆེ་ཆུང་གཉིས་དབང་པོ་རྣོ་རྟུལ་གོ་ལྡོག་པར་ཐལ། ཐེག་དམན་པས་སྒྲུབ་བྱེད་རིགས་པ་གཅིག་ཙམ་ལ་བརྟེན་ནས་གཞི་དེ་བདེན་མེད་དུ་རྟོགས་ལ། ཐེག་ཆེན་པས་སྒྲུབ་བྱེད་ཀྱི་རིགས་པ་མི་འདྲ་བ་མཐའ་ཡས་པས་གཞི་དེ་བདེན་མེད་དུ་རྟོགས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་པ་ཆེ་ཆུང་གཉིས་ཀྱི་ནང་ནས་ཐེག་ཆེན་པ་རང་བཞིན་གྱིས་དབང་པོ་རྣོ་བར་བཤད་པའི་ཕྱིར། འདི་ནི་ཀུན་མཁྱེན་ཆེན་པོའི་དཀའ་འགྲེལ་གཉིས་ལས་གསུངས་པའི་རིགས་པའོ། །ཡང་གཞི་གཅིག་བདེན་པར་མེད་པ་ཐེག་ཆེན་པས་རིགས་པ་མི་འདྲ་བ་དུ་མའི་སྒོ་ནས་རྟོགས་པ་མི་འཐད་པར་ཐལ། གཞི་གཅིག་བདེན་པར་མེད་པ་རིགས་པ་སྔ་མས་རྟོགས་ཟིན་པས་རིགས་པ་ཕྱི་མ་རྣམས་གྲུབ་ཟིན་བསྒྲུབ་པར་འགྱུར་བ་རིགས་པའི་གཞུང་ལུགས་ལ་གྲགས་པའི་ཕྱིར། འདི་ནི་འཇུག་པ་དཀའ་འགྲེལ་ཉིད་ལས་གསུངས་པའོ། །འོན་ཀྱང་ཙོང་ཁ་པའི་བཞེད་པ་དེ་ལ་གཟུ་བོའི་བློས་དཔྱད་ན་རྣམ་དབྱེ་འདི་ལྟར་ཕྱེ་དགོས་ཏེ། ཐེག་ཆེན་པ་མྱུ་གུ་ལྟ་བུ་ཞིག་བདེན་མེད་དུ་བསྒྲུབ་པ་ལ་ཡང་རྟེན་འབྲེལ་གྱི་རིགས་པས་བདེན་མེད་དུ་གཏན་ལ་ཕབ་ཅིང་ངེས་ཤེས་བསྐྱེད། ཡང་དེའི་རྗེས་སུ་གཅིག་དུ་བྲལ་སོགས་རིགས་པའི་རྣམ་གྲངས་གཞན་གྱི་སྒོ་ནས་ཀྱང་བདེན་མེད་དུ་གཏན་ལ་ཕབ་ཅིང་ངེས་ཤེས་སྔར་ལས་ཀྱང་ཆེ་བར་བསྐྱེད། ཐེག་དམན་པ་དག་རིགས་པ་གཅིག་གིས་བདེན་མེད་དུ་གཏན་ལ་ཕབ་ཅིང་ངེས་ཤེས་བསྐྱེད་ན་དེ་ཙམ་གྱིས་ཆོག་པར་བཟུང་ནས། རིགས་པ་གཞན་གྱི་སྒོ་ནས་ནན་ཏན་གྱི་ཚུལ་གྱིས་མི་བྱེད་ཅེས་པ་ཙམ་ཟེར་རྒྱུ་ཡིན་ན། དཀའ་འགྲེལ་ལས་བཤད་པའི་རིགས་པ་དེ་རྣམས་ཀྱིས་ཆེར་མི་གནོད། འོན་ཀྱང་ཚུལ་དེ་ལ་རང་འགྲེལ་ལས་གསུངས་པའི་རྒྱས་བསྡུས་སུ་འཇོག་པ་མི་འཐད་ལ། གང་ལྟར་གཞི་གཅིག་བདེན་མེད་དུ་བསྒྲུབ་པ་ལ་ཐེ་ཆེན་གྱིས་རིགས་པ་མི་འདྲ་བ་མཐའ་ཡས་པས་རྟོགས། ཐེག་དམན་གྱིས་རིགས་པ་མདོར་བསྡུས་པ་གཅིག་གིས་རྟོགས་པར་ཕྱོགས་སྔས་ཚིག་ཟིན་ལ་སྨྲས་ན། དཀའ་འགྲེལ་གྱི་རིགས་པ་དེ་རྣམས་ལན་གྱིས་ཟློག་པར་མི་ནུས་པའོ། །ལུགས་གསུམ་པ་པཎ་ཆེན་གྱི་བཞེད་པ་དེ་ལ་ཡང་དཔྱད་དུ་ཡོད་དེ། འོ་ན་ཉན་རང་གི་རྟོགས་བྱར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་བདེན་པས་སྟོང་པའི་སྟོང་ཉིད་ཆོས་ཅན། བར་དུ་བདག་ནི་བཟློག་པ་དང་། །ཞེས་པའི་སྐབས་ཀྱི་རྟོགས་བྱའི་ལྟ་བ་ཡིན་པར་ཐལ། ཉན་རང་གི་རྟོགས་བྱའི་ལྟ་བ་ཡིན་པའི་ཕྱིར། ཁྱབ་པ་དོན་གྱིས་སོང་། འདོད་ན། དེ་ཆོས་ཅན། གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་ཡིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། འདིའི་འགྲེལ་པ་དཔལ་ལྡན་ཟླ་བའི་ཞབས་ཀྱིས་མཛད་པ་ལས། བདག་ཏུ་ལྟ་བ་ཆ་ཉི་ཤུ་དོར་བར་བྱའོ། །ཞེས་གསུངས་པས། བར་དུ་བདག་བཟློག་རྒྱུའི་བདག་དེ་ཀུན་བརྟགས་ཀྱིས་བཟུང་བའི་གང་ཟག་གི་བདག་ལ་འཇོག་རིགས་པའི་ཕྱིར། གོང་དུ་འདོད་ན། དེ་མ་ཡིན་པར་ཐལ། ཆོས་ཀྱི་བདག་གིས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར་ཏེ། ཉེར་ལེན་གྱི་ཕུང་པོ་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ཉེར་ལེན་གྱི་ཕུང་པོ་བདེན་པས་སྟོང་པ་ལ་ཆོས་ཀྱི་བདག་མེད་དུ་བྱས་ནས་དེ་ཉན་རང་གིས་རྟོགས་པར་བསྒྲུབ་པ་དཔལ་ལྡན་ཟླ་བའི་བཞེད་པ་རྨ་མེད་པ་ཡིན་པའི་ཕྱིར། ཡང་བདག་ཏུ་གདགས་པའི་རྒྱུ་ཉེར་ལེན་གྱི་ཕུང་པོ་ཐམས་ཅད་བདེན་མེད་དུ་རྟོགས་པའི་ལྟ་བ་དེ་ཆོས་ཅན། ཁྱོད་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་པར་ཐལ། ཕྱི་ནས་ལྟ་གཞི་ཀུན་བཟློག་པ། །ཞེས་པའི་དངོས་བསྟན་གྱི་ལྟ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། འདིའི་ཐད་ཀྱི་འགྲེལ་པ་དཔལ་ལྡན་ཟླ་བས་མཛད་པ་ལས། ཕྱི་ནས་ནི་བདག་ཉིད་ལ་ཡོངས་སུ་ཆགས་པའི་དངོས་པོ་ཐམས་ཅད་ལ་ཞེན་པ་ཡང་བཟློག་པར་བྱའོ་ཞེས་པའི་དངོས་བསྟན་གྱི་ལྟ་བ་ཡིན་པའི་ཕྱིར་ཏེ། བདག་ཏུ་གདགས་པའི་རྒྱུ་ཉེར་ལེན་གྱི་ཕུང་པོ་ཐམས་ཅད་བདེན་མེད་དུ་རྟོགས་པའི་སྒོ་ནས་དེ་རྣམས་ལ་བདེན་ཞེན་བཟློག་པའི་ལྟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་པ་དེའི་དངོས་བསྟན་གྱི་བདག་ཉིད་དང་དངོས་པོ་ཐམས་ཅད་དང་། དེ་ལ་ཞེན་པ་བཟློག་ཚུལ་རྣམས་ལ་གོ་དོན་རེ་སོ་སོར་འཆད་རིགས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་མ་ཡིན་པར་ཐལ། ཁྱོད་ཉན་རང་ལ་ཡང་ཡོད་པའི་ལྟ་བ་ཡིན་པའི་ཕྱིར། གསུམ་པ་རང་ལུགས་ཟླ་བའི་དགོངས་པ་ཚུལ་བཞིན་དུ་བཤད་པ་ནི། ཉན་རང་གིས་གཙོ་བོར་གང་ཟག་གི་བདག་མེད་རྟོགས། བྱང་སེམས་འཕགས་པས་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀ་རྟོགས་པ་ཡིན་ཏེ། ཉན་རང་གི་ཐོབ་བྱ་མཐར་ཐུག་རང་དོན་དུ་ཐར་པ་ཙམ་ཡིན་ཞིང་། དེ་ཐོབ་པ་ལ་གཙོ་བོར་གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱིས་ཆོག བྱང་ཆུབ་སེམས་དཔའི་ཐོབ་བྱ་མཐར་ཐུག་གཞན་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ཡིན་ཞིང་། དེ་ཐོབ་པ་ལ་བདག་མེད་གཉིས་ཀ་རྫོགས་པར་རྟོགས་དགོས་པའི་ཕྱིར། དེ་སྐད་དུ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། བདག་མེད་གཉིས་ལ་མཁས་པ་ཡིས། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བདེ་གཤེགས་རིགས་པའི་གནས་མཐོང་སྟེ། །མངོན་སངས་རྒྱས་ཤིང་ཆོས་སྟོན་ཏོ། །ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་འགྱུར་ཞིང་། །ཆོས་ཀྱི་དངོས་ཡོད་མ་ཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་འགྱུར། །ཞེས་དང་། ལངྐར་གཤེགས་པ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་བྱེ་བྲག་མེད་མོད་ཀྱི་ཤེས་བྱའི་སྒྲིབ་པ་ནི་མ་ཡིན་ན། བློ་གྲོས་ཆེན་པོ། ཤེས་བྱའི་སྒྲིབ་པ་ནི་ཆོས་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ནི་གང་ཟག་གི་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཞེས་དང་། མདོའི་དོན་དེ་དག་གཞུང་འདིར། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་དང་། དེའི་རང་འགྲེལ་ལས། དེ་ལ་གང་ཟག་གི་བདག་མེད་པ་ནི། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་རྣམ་པར་གྲོལ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པ་ཐོབ་པས་རྣམ་པར་གྲོལ་བའི་ཕྱིར་གཉིས་ཀ་བསྟན་ཏོ། ། 4/22 མདུན་ངོས། 上一页 2 3 4 5 6 7 下一页 尾页 |
|
|
|
|
|
|
ཉེ་ལམ་གསར་བརྗེས། |
|
|
|
|
|
|
|
|
ཀློག་མཁན་མང་ཤོས། |
|
|
|
|
|
|
|
|