ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཞེས་པ་འདི་བྱུང་བ་ཡིན་ནོ། །དོན་འདི་ལ་དགོངས་ནས་འཇུག་པ་དཀའ་འགྲེལ་ལས། དེས་ན་སོ་སྐྱེའི་གནས་སྐབས་སུ་རྒྱུ་གསུམ་ཉམས་སུ་བླངས་པ་ལས། ས་དང་པོའི་རྒྱལ་སྲས་འཁྲུངས་པར་འདིར་བཞེད། ཅེས་གསུངས་པ་ཡིན་ནོ། །འོ་ན་དཀའ་འགྲེལ་གྱི་ཚིག་རིགས་དེ་ལྟར་ན། རྒྱལ་སྲས་རྣམས་ཀྱི་ཞེས་པའི་དངོས་བསྟན་གྱི་རྒྱལ་སྲས་དེ། བྱང་སེམས་ས་དང་པོ་པ་ཁོ་ན་ལ་འདོད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདིར་དངོས་བསྟན་གྱི་རྒྱུ་གསུམ་ལས་དངོས་སུ་འཁྲུངས་པ་དེ་ས་དང་པོ་ལ་ཡོད་ཀྱི། གཞན་རྣམས་ལ་མེད་པ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་པའི་ཕྱིར། འོ་ན་འདིར་དངོས་བསྟན་གྱི་རྒྱུ་གསུམ་གང་རུང་ཡིན་ན། ཐེག་ཆེན་སེམས་བསྐྱེད་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་རྒྱུ་གསུམ་གང་རུང་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་རྒྱུ་གསུམ་གང་རུང་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། ཐོག་མར་བརྩེ་བ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། ཐེག་པ་ཆེན་པོའི་སེམས་བསྐྱེད་དེ་བསྒྲུབ་པའི་ཕྱིར་དུ་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པའི་གོ་རིམ་འདིར་དངོས་བསྟན་གྱི་རྒྱུ་གསུམ་གྱི་གོ་རིམ་ཡིན་པར་རང་འགྲེལ་དང་དཀའ་འགྲེལ་གཉིས་ཀ་ལས་བཤད་པ་དང་འགལ་ལོ་སྙམ་ན། དེའི་སྐྱོན་མེད་དེ། དེའི་གོ་རིམ་དེ་སྔར་མེད་གསར་དུ་སྐྱེ་བའི་གོ་རིམ་ཡིན་ན་བདེན་མོད་ཀྱང་། དེའི་གོ་རིམ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ཟིན་པའི་རྗེས་སུ་སླར་རྒྱུ་གསུམ་ཉམས་སུ་ལེན་པའི་གོ་རིམ་ཙམ་ཡིན་པའི་ཕྱིར། དོན་འདི་ལ་དགོངས་ནས། དབུ་མ་ངེས་དོན་རབ་གསལ་ལས། ཆོས་གསུམ་ཉམས་སུ་ལེན་པའི་གོ་རིམ་ལ་དབུ་མ་རྒྱན་ལས། དབང་པོ་རྣོ་རྟུལ་གྱི་འཇུག་ཚུལ་གཉིས་སུ་གསུངས་པ་དང་མཐུན་པར་ཐོག་མར་གཉིས་སུ་མེད་པའི་ཡེ་ཤེས་གཏན་ལ་ཕབ་ནས། དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད་དེ། དེའི་འོག་ཏུ་སེམས་བསྐྱེད་པ་ལ་འཇུག་པའི་ཚུལ་དང་། ཡང་ཐོག་མར་སེམས་ཅན་ཐམས་ཅད་མར་ཤེས་ནས་ཕན་པ་བསྒྲུབ་པར་འདོད་པའི་བྱམས་པས་ཀུན་ནས་བསླངས་པའི་སྙིང་རྗེ་བསྐྱེད་དེ། སེམས་བསྐྱེད་ནས། དེའི་འོག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་གཏན་ལ་ཕབ་པའི་ཚུལ་གཉིས་ཡོད་པ་གོང་མ་དག་བཞེད་པ་ལྟར་དོན་ལ་ཡང་གནས་སོ། །ཞེས་གསུངས་པ་ཡིན་ནོ། །དེང་སང་ཁ་ཅིག རང་འགྲེལ་དང་། དཀའ་འགྲེལ་གཉིས་ལས། རྒྱུ་གསུམ་གྱི་གོ་རིམ་མི་འདྲ་བ་གཉིས་སུ་གསུངས་པའི་གོ་རིམ་དེ། སྔར་མེད་གསར་དུ་སྐྱེ་བའི་གོ་རིམ་ཡིན་པར་བཟུང་ནས་ལམ་མ་ཞུགས་ན་གཉིས་མེད་ཀྱི་ཡེ་ཤེས་ཡོད་པར་འདོད་པ་ནི་འཁྲུལ་པ་ཡིན་ཏེ། གོ་རིམ་དེ་དག་ནི་ལམ་དུ་ཞུགས་ཚར་བའི་རྗེས་སུ་རྒྱུ་གསུམ་ཉམས་སུ་ལེན་ཚུལ་གྱི་གོ་རིམ་ཡིན་པའི་ཕྱིར། འདི་ནི་ཡོངས་འཛིན་དམ་པའི་གསུང་གི་ཟབ་གནད་ཕུལ་དུ་ཕྱིན་པའོ། །འོ་ན་འདིར་དངོས་བསྟན་གྱི་སྙིང་རྗེ་དང་། གཉིས་མེད་ཀྱི་བློ་གཉིས་ཐེག་ཆེན་སེམས་བསྐྱེད་ཡིན་ནམ་མིན། ཡིན་ན་འདིར་བྱང་ཆུབ་ཀྱི་སེམས་ལས་ལོགས་སུ་བཤད་པ་མི་འཐད་པར་འགྱུར་རོ། །མ་ཡིན་ན་གོང་དུ་བྱང་སེམས་ཀྱི་རྒྱུད་ཀྱི་ཉམས་ལེན་ཡིན་པར་ཁས་བླངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། འདིར་དངོས་བསྟན་གྱི་སྙིང་རྗེ་དང་། གཉིས་མེད་ཀྱི་བློ་གཉིས་ཀྱང་། སྤྱིར་ཐེག་ཆེན་སེམས་བསྐྱེད་ཡིན་ཏེ། ཐེག་ཆེན་གྱི་ལམ་ཡིན་པའི་ཕྱིར། འོན་ཀྱང་འདིར་བྱང་ཆུབ་ཀྱི་སེམས་ལས་ལོགས་སུ་བཤད་པ་ལ་དགོས་པ་ཡོད་དེ། འདིར་དངོས་བསྟན་གྱི་རྒྱུ་གསུམ་པོ་རེ་རེ་ནས་འགལ་བའི་ཕྱིར། དེ་ཡང་འདིར་དངོས་བསྟན་གྱི་སྙིང་རྗེ་ཡིན་ན། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་སྙིང་རྗེ་ཡིན་པས་ཁྱབ། འདིར་དངོས་བསྟན་གྱི་གཉིས་མེད་ཀྱི་བློ་ཡིན་ན། ཡོད་པ་དང་མེད་པའི་མཐའ་གཉིས་དང་བྲལ་བར་རྟོགས་པའི་སེམས་བྱུང་ཤེས་རབ་ཡིན་པས་ཁྱབ། འདིར་དངོས་བསྟན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ན། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོར་གྱུར་པའི་སྨོན་ལམ་སེམས་བསྐྱེད་ཡིན་པས་ཁྱབ། ཅེས་ཁས་བླང་བར་བྱ་བ་ཡིན་ནོ། །ཡང་འདིར་སྐབས་སུ་དོགས་པ་འདི་ལྟར་འབྱུང་སྟེ། རང་འགྲེལ་དང་། དཀའ་འགྲེལ་གཉིས་ཆར་ལས། འདིར་དངོས་བསྟན་གྱི་རྒྱུ་གསུམ་གྱི་གོ་རིམ་འཆད་པ་ན། ཐོག་མར་སྙིང་རྗེ་བཤད། དེ་ནས་བྱང་ཆུབ་ཀྱི་སེམས། དེ་ནས་གཉིས་མེད་ཀྱི་བློ་བཤད་ཅིང་། དེ་ལྟ་བུའི་གོ་རིམ་དེ་ཉིད་རིན་ཆེན་འཕྲེང་བར། སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང་། །ཡེ་ཤེས་དྲི་མ་མེད་བཤད་པ། །ཞེས་གསུངས་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས་པ་དང་། གཞུང་རྩ་བར། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །ཞེས་སྙིང་རྗེའི་རྗེས་དེ་མ་ཐག་ཏུ་གཉིས་མེད་ཀྱི་བློ་བཤད་པ་གཉིས་འགལ་ལོ་སྙམ་ན། འདི་ལ་མཁས་པ་སྔ་མ་རྣམས་ཀྱི་ཡིག་ཆ་ན་དོགས་གཅོད་མཛད་པ་མི་སྣང་མོད་ཀྱང་། ཁོ་བོའི་རྟོག་པ་ལ་ནི་འདི་ལྟར་སེམས་ཏེ། གཞུང་རྩ་བར། ཚིག་སྡེབ་སྦྱོར་གྱི་དབང་གིས་གཉིས་མེད་ཀྱི་བློ་བར་དུ་བཤད་པ་ལྟར་སྣང་བ་ཡིན་གྱི། དོན་ལ་གཉིས་མེད་ཀྱི་བློ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་འཆད་པ་གཞུང་གི་དགོངས་པ་ཡིན་ནམ་སྙམ་དུ་སེམས་སོ། །ད་དུང་མཁས་པ་རྣམ་དཔྱོད་དང་ལྡན་པ་དག་གིས་ལེགས་པར་དཔྱོད་ཅིག གཉིས་པ་འདིར་དངོས་བསྟན་གྱི་རྒྱལ་སྲས་འཕགས་པ་ངོས་གཟུང་བ་ནི། གཞན་ཕྱོགས་པ་ཁ་ཅིག་ན་རེ། རྒྱལ་སྲས་ཡིན་ན། རྒྱལ་སྲས་རྣམས་ཀྱི་ཞེས་པའི་དངོས་བསྟན་གྱི་རྒྱལ་སྲས་ཡིན་པས་ཁྱབ། ཅེས་གསུངས་པ་ནི། གསུང་རབ་ཀྱི་དོན་ལ་ཞིབ་ཏུ་མ་དཔྱད་པར་སེམས་ཏེ། འོ་ན་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྒྱལ་སྲས་ཡིན་པར་ཐལ། བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །ཞེས་པའི་དངོས་བསྟན་གྱི་བྱང་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ལས་ནི། དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །ཞེས་པའི་དངོས་བསྟན་གྱི་བྱང་ཆུབ་སེམས་དཔའ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི་ཞེས་པའི་དངོས་བསྟན་གྱི་བྱང་ཆུབ་སེམས་དཔའ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཟླ་བ་ཚེས་པའི་དཔེས་མཚོན་པའི་བྱང་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་བྱའི། ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དང་བ་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟར་མ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། སར་གནས་ཀྱི་བྱང་སེམས་ཡིན་པར་ཐལ། ཟླ་བ་ཚེས་པའི་དཔེས་མཚོན་པའི་བྱང་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །རིམ་གྱིས་རིམ་གྱིས་འཕེལ་བ་ལྟར། །དེ་བཞིན་ས་ལ་ཞུགས་རྣམས་ཀྱི། །ཆོས་ཀྱི་སྐུ་ཡང་འཕེལ་བར་སྣང་། །ཞེས་གསུངས་པ་འཐད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། བྱང་སེམས་འཕགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། བྱང་སེམས་སོ་སྐྱེ་ཡིན་པའི་ཕྱིར་ཏེ། བྱང་སེམས་སྦྱོར་ལམ་པ་དང་ཚོགས་ལམ་པ་གང་རུང་ཡིན་པའི་ཕྱིར། ༈ དེས་ན་རང་གི་ལུགས་ནི། རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པའི་དངོས་བསྟན་གྱི་རྒྱལ་སྲས་ཡིན་ན། རྒྱལ་སྲས་འཕགས་པ་ཡིན་པས་ཁྱབ་སྟེ། རྒྱལ་སྲས་རྣམས་ཀྱི་ཞེས་པའི་དངོས་བསྟན་གྱི་རྒྱལ་སྲས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །ཞེས་པའི་དངོས་བསྟན་གྱི་བྱང་ཆུབ་སེམས་དཔའ་དང་། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་ཞེས་པའི་དངོས་བསྟན་གྱི་བྱང་ཆུབ་སེམས་དཔའ་དང་། རྒྱལ་སྲས་འཕགས་པ་དང་། བྱང་སེམས་འཕགས་པ་དང་། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ནི། དཔལ་ལྡན་ཟླ་བའི་ཞབས་དང་། ཀུན་མཁྱེན་བླ་མའི་དགོངས་པ་དཔྱིས་ཕྱིན་པ་ཡིན་ནོ། ༈ གང་ཕྱིར་བརྩེ་ཉིད་ཅེས་སོགས་ཀྱི་སྐབས་སུ་དཀའ་བའི་གནས་ལ་དཔྱད་པ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། གང་ཕྱིར་བརྩེ་ཉིད་ཅེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་ན། སྙིང་རྗེའི་སེམས་དང་ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་པས་ཁྱབ། ཞེས་དང་། ཡང་ཁ་ཅིག གང་ཕྱིར་བརྩེ་ཉིད་ཅེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་ན། བདག་གིས་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། །ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་པས་ཁྱབ་ཟེར་བ་མི་འཐད་དེ། དང་པོ་ལ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གང་ཕྱིར་བརྩེ་ཉིད་ཅེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་པར་ཐལ། སྤེལ་ལ་ཆུ་འདྲ་ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སོ་སོ་སྐྱེ་བོའི་གནས་སྐབས་སུ་རྒྱུ་གསུམ་ཉམས་སུ་བླངས་པ་ལས། ཞེས་པའི་དངོས་བསྟན་གྱི་རྒྱུ་གསུམ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན་སླ། གཉིས་པ་ལ། ཤཱཀྱ་ཐུབ་པའི་རྒྱུད་ཀྱི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གང་ཕྱིར་བརྩེ་ཉིད་ཅེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་པར་ཐལ། ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། འབྲས་བུ་སྨིན་པའི་དཔེས་མཚོན་པའི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། སངས་རྒྱས་སའི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །ཞེས་སོགས་ཀྱི་ཚིགས་བཅད་ཕྱེད་དང་གཉིས་ཀྱི་དངོས་བསྟན་གྱི་སྙིང་རྗེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་གོང་དུ་དྲངས་པའི་རང་འགྲེལ་གྱི་ལུང་གིས་གྲུབ། འདོད་ན་སླ། ༈ གཉིས་པ་རང་གི་ལུགས་ནི། གང་ཕྱིར་བརྩེ་ཉིད་ཅེས་པའི་དངོས་བསྟན་གྱི་སྙིང་རྗེ་དེ་ལ། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་དང་གསུམ་ཡོད་དེ། ས་བོན་དང་ནི་ཞེས་པའི་དངོས་བསྟན་གྱི་ས་བོན་གྱི་དཔེས་མཚོན་པའི་སྙིང་རྗེ་ཡིན་ན། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཡིན་པས་ཁྱབ། སྤེལ་ལ་ཆུ་འདྲ་ཞེས་པའི་དངོས་བསྟན་གྱི་ཆུའི་དཔེས་མཚོན་པའི་སྙིང་རྗེ་ཡིན་ན། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་པས་ཁྱབ། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །ཞེས་པའི་དངོས་བསྟན་གྱི་འབྲས་བུ་སྨིན་པའི་དཔེས་མཚོན་པའི་སྙིང་རྗེ་ཡིན་ན། སངས་རྒྱས་སའི་སྙིང་རྗེ་ཡིན་པས་ཁྱབ་པའི་ཕྱིར། དེ་དག་གི་རྒྱུ་མཚན་ཡང་། འདིར་བསྟན་ས་བོན་གྱི་དཔེས་མཚོན་པའི་སྙིང་རྗེ་དེ་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཡིན་ཏེ། འདིར་བསྟན་ས་བོན་གྱི་དཔེས་མཚོན་པའི་སྙིང་རྗེ་དང་། སྙིང་རྗེའི་སེམས་དང་ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་གཉིས་པོ་དོན་གཅིག་པའི་ཕྱིར། འདི་ལ་དགོངས་ནས་འཇུག་པ་དཀའ་འགྲེལ་ལས། སངས་རྒྱས་ཀྱི་ཆོས་སྐྱེད་པ་ལ་ཐོག་མར་ས་བོན་དང་འདྲ་བ་ནི། སེམས་བསྐྱེད་དང་གཉིས་སུ་མེད་པའི་ཡེ་ཤེས་དྲངས་པའི་ཚུལ་སྔར་བཤད་པ་དེ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འདིར་བསྟན་ཆུའི་དཔེས་མཚོན་པའི་སྙིང་རྗེ་དེ་བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་ཏེ། ས་བོན་གྱི་དཔེས་མཚོན་པའི་སྙིང་རྗེ་དེ་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཡིན་པའི་ཕྱིར་དང་། འཇུག་པ་རང་འགྲེལ་ལས། བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཟིན་ཀྱང་སྙིང་རྗེའི་ཆུས་ཡང་དང་ཡང་དུ་མ་བཅུས་ན་ངེས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བར་འགྱུར། ཞེས་པའི་སེམས་བསྐྱེད་དེ་དོན་དམ་སེམས་བསྐྱེད་ཡིན་གྱི། ཐེག་ཆེན་སེམས་བསྐྱེད་སྤྱི་ཙམ་ལ་དགོངས་པ་མ་ཡིན་པའི་ཕྱིར། གལ་ཏེ་ཐེག་ཆེན་སེམས་བསྐྱེད་སྤྱི་ལ་དགོངས་པ་ཡིན་ན། ཐེག་ཆེན་སེམས་བསྐྱེད་ཐོབ་པའི་སེམས་ཅན་གྱི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། ཆུའི་དཔེས་མཚོན་པའི་སྙིང་རྗེ་ཡིན་པས་ཁྱབ་པར་འགྱུར་ལ། དེ་ལྟར་ན་འདིར་བསྟན་ས་བོན་གྱི་དཔེས་མཚོན་པའི་སྙིང་རྗེ་དེ་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་མ་ཡིན་པར་ཐལ་བའི་སྐྱོན་གནས་སོ། །གལ་ཏེ་འདིར་སྐབས་ཀྱི་སེམས་བསྐྱེད་དེ། དོན་དམ་སེམས་བསྐྱེད་མ་ཡིན་པར་ཐལ། དོན་དམ་སེམས་བསྐྱེད་ཐོབ་ནས་ཐེག་དམན་དུ་ལྟུང་བ་མི་སྲིད་པའི་ཕྱིར་ཞེ་ན། བདེན་མོད་ཀྱང་། དེའི་སྐྱོན་མེད་དེ། དེར་སྐབས་ཀྱི་ཉན་རང་གི་མྱང་འདས་དེ། མྱང་འདས་བཏགས་པ་བ་ཡིན་པའི་ཕྱིར་དང་། སྙིང་རྗེའི་ཆུས་ཡང་དང་ཡང་དུ་མ་བཅུས་ན་ཞེས་པ་ཡང་རྟག་པ་མཐའ་བཟུང་ཡིན་པའི་ཕྱིར། ཀུན་རྫོབ་སེམས་བསྐྱེད་ཙམ་ཐོབ་པ་རྣམས་ནི་བརྩེ་བ་སྙིང་རྗེ་ཆེན་པོ་དང་བྲལ་ནས་ཐེག་དམན་དུ་ལྟུང་བ་ཡོད་དེ། བྱང་སེམས་ཚོགས་ལམ་པ་ལྟ་བུ་བརྩེ་བ་སྙིང་རྗེ་ཆེན་པོ་དང་བྲལ་ནས་ཐེག་དམན་དུ་ལྟུང་བ་ཡོད་པའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་གསུངས་པའི་ཕྱིར། འདི་ལ་དགོངས་ནས་འཇུག་པ་དཀའ་འགྲེལ་ལས། བར་དུ་སྤེལ་བ་ལ་ཆུ་དང་འདྲ་བ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཟིན་ཀྱང་། སྙིང་རྗེའི་ཆུས་ཡང་དང་ཡང་དུ་མ་བཅུས་ན་ངེས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བར་འགྱུར། ཞེས་གསུངས་ཏེ། འཕགས་པ་གྲོལ་སྡེས་སྐད་ཅིག་མ་བརྒྱད་པ་ལ་བྱམས་སོགས་ཚད་མེད་བཞི་མ་བསྒོམ་ན། སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པར་འགོག་པར་ལྟུང་ཞེས་དང་། ས་བརྒྱད་པར་སྤྲོས་པ་མཐའ་དག་བཀག་པའི་འགོག་པ་ལས་རྒྱལ་བ་རྣམས་ཀྱིས་སློང་བར་མ་མཛད་ན། དེའི་ཚེ་དེ་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་གསུངས་པ་དང་དོན་གཅིག་སྟེ། རེ་ཞིག་སེམས་ཅན་གྱི་དོན་རྒྱུན་ཆད་པའི་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པའོ། །ཚོགས་ལམ་གྱི་གནས་སྐབས་སུ་ནི་སྙིང་རྗེ་དང་བྲལ་ན་དམན་པའི་མྱང་འདས་མཚན་ཉིད་པ་འགྱུར་བ་ཡང་ཡོད་དོ། །ཞེས་གསུངས་སོ། །ཡང་འདིར་བསྟན་འབྲས་བུ་ནི་སྨིན་པའི་སྙིང་རྗེ་དེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་ཏེ། དེ་མཐར་ཐུག་གི་འབྲས་བུ་ཐོབ་པའི་གནས་སྐབས་ཀྱི་སྙིང་རྗེ་ཡིན་པའི་ཕྱིར། དེ་སྐད་དུ་དཀའ་འགྲེལ་ལས། འབྲས་བུ་མཐའ་ཡས་པའི་གནས་སྐབས་ཐོབ་ཏུ་ཟིན་ཀྱང་སྙིང་རྗེའི་ཡོངས་སུ་སྨིན་པ་དང་བྲལ་ན། འདི་དུས་རིང་པོར་ཉེ་བར་སྤྱོད་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་གང་ཕྱིར་བརྩེ་ཉིད་ཅེས་པའི་དངོས་བསྟན་གྱི་སྙིང་རྗེ་དང་། བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི་ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་གཉིས་ལ་ཁྱད་པར་ཡོད་དེ། གང་ཕྱིར་བརྩེ་ཉིད་ཅེས་པའི་དངོས་བསྟན་གྱི་སྙིང་རྗེ་དེ་ལ་སྔར་བཤད་པ་ལྟར་གསུམ་ཡོད་ལ། བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི་ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་ན། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཡིན་པས་ཁྱབ་པའི་ཕྱིར་ཏེ། རང་འགྲེལ་ལས། ཐོག་མར་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ། སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་སྐྱབས་མེད་པ་དཔག་ཏུ་མེད་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ལ་བསྟོད་པར་འོས་པ་ཉིད་དུ་བསྟན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། མདོར་ན། བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་དང་། འགྲེལ་པར། སྙིང་རྗེ་ཆེན་པོ་སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ་ཞེས་པའི་དངོས་བསྟན་གྱི་རྒྱུ་དང་པོ་དང་། བྱང་སེམས་ཀྱི་རྒྱུད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་དང་། འོག་གི དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཀྱི་དངོས་བསྟན་གྱི་སྙིང་རྗེ་དང་། དབུ་མ་འཇུག་པའི་མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་སྙིང་རྗེ་རྣམས་ཡིན་ཁྱབ་མཉམ་ཡིན་པ་ནི་གནད་ཀྱི་དོན་ནོ། །འོ་ན་སངས་རྒྱས་སའི་སྙིང་རྗེ་ལ་དངོས་སུ་མཆོད་པར་མི་བརྗོད་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། མཐར་ཐུག་གི་འབྲས་བུ་དོན་དུ་གཉེར་ན་རྒྱུའི་གནས་སྐབས་ལ་གཅེས་སྤྲས་སུ་བྱེད་དགོས་པར་ཤེས་པའི་ཆད་དུ་བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་ལ་དངོས་སུ་མཆོད་པར་བརྗོད་པ་ཡིན་པའི་ཕྱིར་ཏེ། དཔེར་ན་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །ཞེས་སོགས་གསུངས་པ་དང་དོན་མཐུན་པའི་ཕྱིར། སྔོན་ཆད་མཁས་རློམ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་དོན་རྣམས་དཔྱིས་ཕྱིན་པར་བཤད་དོ། །ཚེ་རབས་སྔ་མར་གོམས་པ་དང་། །བཤེས་གཉེན་མཁས་པ་བསྟེན་པ་དང་། །ལྷག་པའི་ལྷ་ཡི་བྱིན་རླབས་ཀྱིས། །དཀའ་བའི་གནས་རྣམས་འདི་ལྟར་གོ །ཞེས་པ་བར་སྐབས་ཀྱི་ཚིགས་བཅད་དོ། ༈ དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །ཞེས་སོགས་ཀྱི་སྐབས་སུ་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་གཉིས། དང་པོ་ནི། ཁ་ཅིག་ན་རེ། འདིར་དངོས་བསྟན་གྱི་སྙིང་རྗེ་གསུམ་པོ་གང་རུང་ཡིན་ན། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཡིན་དགོས་ཏེ། དེ་ཡིན་ན། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་དགོས་པའི་ཕྱིར། ཞེས་ཟེར་བ་ནི་མི་འཐད་དེ། འོ་ན། རྣམ་པར་གྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་གྱུར་ཅིང་། །ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཆོས་ཅན། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཡིན་པར་ཐལ། འདིར་དངོས་བསྟན་གྱི་སྙིང་རྗེ་གསུམ་པོ་གང་རུང་ཡིན་པའི་ཕྱིར་ཏེ། རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་པར་གྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་གྱུར་ཞིང་། །ཞེས་པའི་རང་འགྲེལ་ལས། བྱང་ཆུབ་སེམས་དཔས་ཇི་སྐད་བཤད་པའི་ཚུལ་གྱིས་འགྲོ་བ་རང་བཞིན་མེད་པར་མཐོང་བ། སྙིང་རྗེའི་ཁྱད་པར་ཉིད་དུ་བཟུང་བའི་སེམས་གང་ཞེས་པའི་ཇི་སྐད་བཤད་པ་དེ། རང་བཞིན་ཉིད་ཀྱི་སྟོང་པར་མཐོང་བ་ཡི། །ཞེས་པ་ལ་བསྙོག་རིགས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། རྒྱལ་སྲས་དང་པོ་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། དོན་འདི་ཡང་དཔྱོད་ལྡན་དག་གིས་རྟོགས་པར་བྱ་དགོས་སོ། །ཡང་ཁ་ཅིག་ན་རེ། འདིར་དངོས་བསྟན་གྱི་སྙིང་རྗེ་གསུམ་པོ་ཕན་ཚུན་འགལ་ཞིང་། སྤྱིར་སྙིང་རྗེ་གསུམ་པོ་མི་འགལ་ཏེ། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་གསུམ་པོ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། ཞེས་གསུངས་པ་ཡང་མི་འཐད་དེ། འོ་ན་ས་དང་པོའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་དམིགས་མེད་ཀྱི་སྙིང་རྗེ་ཡིན་པར་ཐལ། དེའི་རྒྱུད་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན་སླ། འདོད་ན། དེ་ཆོས་ཅན། དོན་དམ་བདེན་པ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་སྙིང་རྗེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། ཀུན་རྫོབ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། དམིགས་བཅས་ཀྱི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་ཆོས་ལ་དམིགས་པའི་སྙིང་རྗེ་གང་རུང་ཡིན་པའི་ཕྱིར། གཞན་ཡང་། རྩོད་གཞི་སྔ་མ་དེ་ཆོས་ཅན། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་པར་ཐལ། དེའི་རྒྱུད་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། དེ་ཆོས་ཅན། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པ་ཙམ་དུ་མཐོང་བའི་སྙིང་རྗེ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཆོས་ལ་དམིགས་པའི་སྙིང་རྗེའི་གོ་དོན་གཅིག་ཡོད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ཅི་རིགས་པའི་སྡུག་བསྔལ་དང་ལྡན་པ་ཙམ་དུ་མཐོང་བའི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། འདིར་བསྟན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། ཁྱབ་སྟེ། དཀའ་འགྲེལ་ལས། མདོར་ན་རྟག་མི་རྟག་དང་རང་བཞིན་ཡོད་མེད་སོགས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་ལས་ཉོན་གྱིས་འཁོར་བར་རང་དབང་མེད་པར་འཕྱན་པའི་འགྲོ་བ་ཙམ་ལ་དམིགས་པ་ནི་འདིའི་དམིགས་པའི་ཁྱད་པར་རོ། །ཞེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ན། དེར་ཐལ། བྱང་སེམས་ཀྱི་རྒྱུད་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། ཁྱབ་སྟེ། བྱང་སེམས་ཀྱི་རྒྱུད་ཀྱི་དམིགས་མེད་ཀྱི་སྙིང་རྗེ་ཡིན་ན། རང་བཞིན་ཉིད་ཀྱི་སྟོང་པར་མཐོང་བ་ཡི། །ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་ཡིན་དགོས་པའི་ཕྱིར། ཡང་ཁ་ཅིག སྙིང་རྗེ་གསུམ་པོ་མི་འགལ་ཏེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་ན། ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ། ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་ན། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ་པའི་ཕྱིར་ཏེ། སེམས་ཅན་ལ་དམིགས་པའི་སྙིང་རྗེའི་དམིགས་ཡུལ་ཡིན་ན། ཆོས་ལ་དམིགས་པའི་སྙིང་རྗེའི་དམིགས་ཡུལ་ཡིན་པས་ཁྱབ། ཆོས་ལ་དམིགས་པའི་སྙིང་རྗེའི་དམིགས་ཡུལ་ཡིན་ན། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ་པའི་ཕྱིར། ཞེས་ཟེར་བ་ནི་ཀུན་མཁྱེན་བླ་མའི་གསུང་ལ་མ་སྦྱངས་པའི་བབ་བཅོལ་འབའ་ཞིག་ཏུ་བས་ཏེ། འོ་ན་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་པས་ཁྱབ། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་པས་ཁྱབ་པའི་ཁྱད་པར་འཐད་པར་ཐལ། དམིགས་ཡུལ་ལ་དེའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་སྙིང་རྗེ་ཕྱི་མ་གཉིས་ཀྱང་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་ཏེ། རྒྱུ་མཚན་ནི། དེ་གཉིས་ཆོས་ཅན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པར་ཐལ། སྙིང་རྗེ་ཡིན་པ་གང་ཞིག ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཡོད་པའི་ཕྱིར། དེས་ན་སྙིང་རྗེ་ཡིན་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ་ཟེར་བ་མི་འཐད་དེ། འོ་ན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་པར་ཐལ། སྙིང་རྗེ་གང་ཞིག ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་ཆོས་ཡོད་པའི་ཕྱིར། ཁྱབ་པ་མཚུངས། ཡང་དེ་ཆོས་ཅན། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པར་ཐལ། སྙིང་རྗེ་གང་ཞིག ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་དམིགས་མེད་ཡོད་པའི་ཕྱིར། ཁྱབ་པ་མཚུངས། ཕྱི་མ་མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་རང་བཞིན་གྱི་སྟོང་པ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་བདེན་སྟོང་ཡོད་པའི་ཕྱིར། གཞན་ཡང་། ཁྱོད་ཀྱི་ཁས་བླངས་དེ་ལྟར་ན། སྙིང་རྗེ་གསུམ་པོ་ཡིན་ཁྱབ་མཉམ་དུ་ཁས་ལེན་དགོས་པར་འགྱུར་ཏེ། སྙིང་རྗེ་ཡིན་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ། དེ་ཡིན་ན་ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ་པ་ཡང་ཁས་ལེན་དགོས་པའི་ཕྱིར། མ་གྲུབ་ན། ཆོས་ལ་དམིགས་པའི་སྙིང་རྗེ་མ་ཡིན་པར་གྱུར་པའི་སྙིང་རྗེ་ཆོས་ཅན། ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་པར་ཐལ། སྙིང་རྗེ་གང་ཞིག ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་ཆོས་ཡོད་པའི་ཕྱིར། འཁོར་གསུམ། ཡང་དམིགས་མེད་ཀྱི་སྙིང་རྗེ་མ་ཡིན་པར་གྱུར་པའི་སྙིང་རྗེ་ཆོས་ཅན། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པར་ཐལ། སྙིང་རྗེ་གང་ཞིག ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་དམིགས་མེད་ཡོད་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། འདིར་བསྟན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་ན། སོ་སྐྱེ་དང་ཉན་རང་སློབ་པ་ཐམས་ཅད་དམིགས་ཡུལ་དུ་བྱེད་པའི་སྙིང་རྗེ་ཡིན་པས་ཁྱབ། འདིར་བསྟན་ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་ན། སོ་སྐྱེ་ཉན་རང་སློབ་མི་སློབ་བྱང་འཕགས་རྗེས་ཐོབ་པ་ཐམས་ཅད་དམིགས་ཡུལ་དུ་བྱེད་པས་ཁྱབ། འདིར་བསྟན་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་ན། སོ་སོའི་སྐྱེ་བོ་ནས་ས་བཅུའི་མཉམ་གཞག་ལ་གནས་པའི་བྱང་སེམས་ཀྱི་བར་ཐམས་ཅད་དམིགས་ཡུལ་དུ་བྱེད་པས་ཁྱབ་སྟེ། འཇུག་པ་དཀའ་འགྲེལ་ལས། དང་པོའི་ཡུལ་ནི་སོ་སྐྱེ་དང་ཉན་རང་སློབ་པ་རྣམས་ཡིན་ལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号