ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
    །།ས་གཉིས་པ་དྲི་མ་མེད་པ་བཤད་པ་ལ། ས་རང་གི་ངོ་བོ་ནི། སྔར་ལྟར་ས་གཉིས་པའི་མཉམ་གཞག་ཡེ་ཤེས་ཉིད་ས་གཉིས་པ་ཡིན་ལ། དྲི་མ་མེད་པ་ཞེས་པ་ཡང་རྗེས་ཐོབ་ཏུ་ཚུལ་ཁྲིམས་ལ་ལྷག་པར་སྤྱོད་པས་ན་འབྲས་མིང་རྒྱུ་ལ་བཏགས་པའི་རྣམ་དབྱེ་ཤེས་དགོས་སོ། །དཔེར་ན་ས་དང་པོའི་རྗེས་ཐོབ་ཏུ་སྤྱིར་ས་ཐོབ་པ་དང་། སེམས་ཅན་གྱི་དོན་སྒྲུབ་རྒྱུ་མཐོང་བ་ལ་ཡིད་རབ་ཏུ་དགའ་བ་སྐྱེ་བས་ས་དང་པོ་ལ་རབ་ཏུ་དགའ་བའི་སར་བཞག་པ་བཞིན་ནོ། །འདིར་ཕར་ཕྱིན་ལྷག་པའི་ཡོན་ཏན་ནི། རྨི་ལམ་ཙམ་དུའང་མི་དགེ་བའི་ལས་མི་གསོག་ཅིང་། དགེ་བའི་ལས་ལམ་ནི་ས་དང་པོའི་གནས་སྐབས་ལས་ཀྱང་ཆེས་ཆེར་ལྷག་པར་གསོག་པ་ཡིན་ཏེ། དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། །རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས། །ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས། །དམ་པའི་ལས་ལམ་བཅུ་ཆར་གསོག་པར་བྱེད། །ཅེས་གསུངས་པའི་ཕྱིར། འདིར་ཚུལ་ཁྲིམས་རྣམ་པར་དག་པའི་དཔེ་ནི་རྒྱ་མཚོ་ཆེན་པོ་ཆུའི་རླབས་དང་ཀླུ་རྣམས་གཙང་སྦྲ་ཆེ་བའི་སྟོབས་ཀྱིས་ཤི་བའི་རོ་དང་ཡུན་རིང་ལྷན་ཅིག་མི་འགྲོགས་པ་དང་། བཀྲ་ཤིས་མ་དང་རྣ་ནག་མ་སྟེ། བཀྲ་མི་ཤེས་པ་གཉིས་ཁྱིམ་གཅིག་ཏུ་ཡུན་རིང་ལྷན་ཅིག་མི་འགྲོགས་པ་ལྟར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་པའི་ས་གཉིས་པ་བའི་སེམས་རྒྱུད་དང་འཆལ་བའི་ཚུལ་ཁྲིམས་ལྷན་ཅིག་ཏུ་མི་གནས་པ་ཡིན་ཏེ། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང་། །བཀྲ་ཤིས་རྣ་ནག་མ་དང་ལྷན་ཅིག་བཞིན། །དེ་ལྟར་ཚུལ་ཁྲིམས་དབང་བྱས་བདག་ཉིད་ཆེ། །དེ་འཆལ་བ་དང་ལྷན་ཅིག་གནས་མི་འདོད། །ཅེས་གསུངས་པའི་ཕྱིར། མདོར་ན་ས་གཉིས་པ་དྲི་མ་མེད་པ་ནི་སྟོན་ཀའི་ཟླ་བའི་འོད་དང་ཆོས་མཚུངས་པ་ཡིན་ཏེ། མི་དགེ་བའི་ལས་ལམ་གྱི་དྲི་མ་མེད་པ་དང་། འཆལ་ཚུལ་གྱིས་བསྐྱེད་པའི་འགྲོ་བའི་ཡིད་ཀྱི་གདུང་བ་མཐའ་དག་སེལ་བར་བྱེད་པའི་ཕྱིར་ཏེ། གཞུང་ལས། རྒྱལ་སྲས་ཟླ་བ་ལས་བྱུང་སྲིད་མིན་སྲིད་པ་ཡི། །དཔལ་གྱུར་དྲི་མ་དང་བྲལ་དྲི་མ་མེད་འདི་ཡང་། །སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་བཞིན་དུ། །འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན། །ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་གཉིས་པ་བཤད་ཟིན་ཏོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号