ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཡོད་པ་ཉིད་དུ་ཁས་མི་ལེན། །ཞེས་དང་། སྡོམ་གསུམ་ཁ་སྐོང་ལས། ཀུན་རྫོབ་ལ་ཡང་སྐལ་དོན་དང་། །རྒྱུ་ཡི་དུས་ན་འབྲས་བུ་སོགས། །ཡོད་མིན་མེད་མིན་དགོས་པའང་ཡོད། །ལྷག་མ་སྣང་བའི་ཆོས་རྣམས་ལ། །ཡོད་མེད་ཡིན་མིན་ལ་སོགས་པ། །སོ་སོར་སྨྲ་བ་དབུ་མའི་ལུགས། །ཞེས་གསུངས་པའི་ཕྱིར། འདིར་ཁ་ཅིག ས་བོན་དང་མྱུ་གུ་རྫས་གཞན་ཡིན་པར་ཐལ། དེ་གཉིས་རྫས་གཞན་མ་ཡིན་པ་ལ་གནོད་བྱེད་ཀྱི་རིགས་པ་ཡོད་པའི་ཕྱིར་ཏེ། འཇུག་པ་ལས། གལ་ཏེ་ཁྱོད་ཀྱི་ས་བོན་མྱུ་གུ་འདིར་གཞན་མ་ཡིན་ན། །ས་བོན་བཞིན་དུ་མྱུ་གུ་ཞེས་བྱ་དེ་བཟུང་མེད་པ་འམ། །ཞེས་གསུངས་པ་འདི་ལ་འཆད་ཚུལ་གཅིག་ཡོད་པའི་ཕྱིར། ཞེས་ཟེར་ན། དེའི་སྐྱོན་མེད་དེ། འདི་གཞན་མ་ཡིན་ཞེས་པའི་དོན་གཞན་མ་ཡིན་པ་སྟེ་གཅིག་ཡིན་ན་གནོད་བྱེད་ཡོད་ཅེས་པའི་གོ་དོན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་འབྲས་གཅིག་མ་ཡིན་པ་ཙམ་ལ་གཞན་ཞེས་མིང་དུ་བཏགས་པ་ཡང་ཡོད་དེ། སྤྱོད་འཇུག་ལས། འདི་ལྟར་འཆི་བའང་གཞན་ཉིད་ལ། །སྐྱེ་བ་ཡང་ནི་གཞན་ཉིད་ཡིན། །ཞེས་དང་། ས་ལུ་ལྗང་པའི་མདོ་འགྲེལ་ལས། ས་བོན་ཡང་གཞན་ཉིད་ལ། མྱུ་གུ་ཡང་གཞན་ཉིད་དོ། །ཞེས་གསུངས་པའི་ཕྱིར། དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་དོན་ལ། སྔ་ཕྱིའི་མཁས་པ་ཁ་ཅིག ཕྱི་ནང་གི་དངོས་པོ་གང་དག་རང་བཞིན་གྱི་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། དེ་དག་བདག་ལས་མི་སྐྱེ་བ་སོགས་ཀྱི་ཕྱིར། ཞེས་འཆད་པ་ནི་གཞུང་གི་དོན་མ་ཡིན་ཏེ། དེ་ལྟར་ན་གཞུང་དེས་དངོས་པོ་རང་བཞིན་གྱི་སྐྱེ་བ་འགོག་པའི་དམ་བཅའ་དངོས་སུ་བསྟན་དགོས་པ་ལས་དེ་དངོས་སུ་མ་བསྟན་པའི་ཕྱིར་ཏེ། དངོས་སྨྲ་བས། དངོས་པོ་རང་བཞིན་གྱི་སྐྱེ་བ་བསྒྲུབ་བྱར་བྱས་ནས། དེའི་སྒྲུབ་བྱེད་དུ་བདག་སྐྱེ་སོགས་འདོད་པ་ལས། འདིར་སྒྲུབ་བྱེད་བཀག་ནས་སྒྲུབ་བྱ་ཤུགས་ཀྱིས་ཁེགས་པར་འགྱུར་བ་ལ་དགོངས་ནས་སྒྲུབ་བྱེད་བདག་སྐྱེ་སོགས་འགོག་པའི་དམ་བཅའ་ཙམ་ཞིག་དངོས་སུ་བསྟན་པའི་ཕྱིར་དང་། དོན་འདི་ལ་དགོངས་ནས། སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་དོན་འཆད་པ་ན། འཇུག་པ་རང་འགྲེལ་ལས། འདིར་མ་ཡིན་ཞེས་བྱ་བ་ནི་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་རང་ལས་སྐྱེ་བ་སོགས་དང་འབྲེལ་གྱི་ཡོད་པ་དང་ནི་མ་ཡིན་ཏེ། དེ་དགག་པ་དོན་གྱིས་གྲུབ་པའི་ཕྱིར་ཞེས་གསུངས་སོ། །བསྒྲུབ་བྱ་རང་བཞིན་གྱི་སྐྱེ་བ་འགོག་པའི་དམ་བཅའ་ཡང་དོན་གྱིས་བསྟན་པ་ཡིན་ཏེ། བདག་སྐྱེ་སོགས་འགོག་པར་དམ་བཅའ་བ་དེ་ཉིད་དོན་གྱིས་རང་བཞིན་གྱི་སྐྱེ་བ་འགོག་པར་འདོད་པའི་དམ་བཅའ་ཡིན་པའི་ཕྱིར། གཉིས་པ་སྒྲུབ་བྱེད་ཀྱི་སྒོ་ནས་རྒྱས་པར་བཤད་པ་ལ། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ངོས་གཟུང་བ། རང་རྒྱུད་པ་དང་ཐུན་མོང་བའི་རྟགས་ཆེན་ལྔ་བཤད་པ། དེ་དག་ལ་དོགས་པ་དཔྱད་པ་དང་གསུམ། དང་པོ་ནི། དབུ་མ་པས་གྲངས་ཅན་ལ། མྱུ་གུ་ཆོས་ཅན། སྐྱེ་བ་དོན་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་དང་། ཡང་། དེ་ཆོས་ཅན། སྐྱེ་བ་ཐུག་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་པ་གཉིས་ནི། བདག་སྐྱེ་འགོག་པའི་འགལ་བ་བརྗོད་པའི་ཐལ་འགྱུར་གྱི་རིགས་པ་ཡིན་ཏེ། མྱུ་གུ་ས་བོན་གྱི་བདག་ཉིད་དུ་ཡོད་པར་ཁས་བླངས་པ་དང་། ས་བོན་ལས་སླར་སྐྱེ་བ་དོན་ཡོད་པར་འདོད་པ་སོགས་ལ་ཁས་བླངས་ནང་འགལ་སྟོན་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར། དེ་སྐད་དུ། འཇུག་པ་ལས། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །ཞེས་དང་། ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། །ཞེས་སོ། འགལ་བ་བརྗོད་པ་དེས་ཀྱང་ལོག་རྟོག་མ་བཟློག་ན། གང་ས་བོན་རང་གི་བདག་ཉིད་དུ་ཡོད་ན་སླར་སྐྱེ་བ་དོན་མེད་པས་ཁྱབ། དཔེར་ན་མངོན་གསལ་གྱི་མྱུ་གུ་བཞིན་མངོན་པར་མི་གསལ་བའི་མྱུ་གུ་ཡང་ས་བོན་རང་གི་བདག་ཉིད་དུ་ཡོད་པར་གྲངས་ཅན་ཁྱོད་ཀྱིས་ཁས་བླངས་སོ་ཞེས་པའི་གཞན་ལ་གྲགས་ཀྱི་རྗེས་དཔག་འགོད་དགོས་པ་ཡིན་ཏེ། གཞན་ལ་གྲགས་ཀྱི་རྗེས་དཔག་ནི་ཐལ་འགྱུར་བའི་རིགས་པའི་གཙོ་བོ་ཡིན་པའི་ཕྱིར། གཞན་ལ་གྲགས་པའི་གོ་དོན་ཡང་། ཆོས་དང་དཔེ་དང་གཏན་ཚིགས་ཐམས་ཅད་གཞན་ཕྱིར་རྒོལ་ལ་གྲགས་པ་བརྗོད་པའི་སྒོ་ནས་ལོག་རྟོག་འགོག་བྱེད་ཀྱི་སྦྱོར་ངག་ལ་གཞན་ལ་གྲགས་པའི་རྗེས་དཔག་ཏུ་འཇོག་གོ །འདི་ཡང་འགལ་བ་བརྗོད་པའི་ཐལ་འགྱུར་དུ་འདུས་ཏེ། ཁས་བླངས་འགལ་བ་བརྗོད་པའི་ཐལ་འགྱུར་གྱི་རིགས་པ་ཡིན་པའི་ཕྱིར། འགལ་བ་བརྗོད་པའི་ཐལ་འགྱུར་ཡིན་ན། གཞན་ལ་གྲགས་ཀྱི་རྗེས་དཔག་ཡིན་པས་མ་ཁྱབ་སྟེ། སྔར་གྱི་མཚན་གཞི་གཉིས་པོ་དེ་གཞན་ལ་གྲགས་ཀྱི་རྗེས་དཔག་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་འགལ་བ་བརྗོད་པའི་ཐལ་འགྱུར་ཙམ་ཡིན་པའི་ཕྱིར། རྒྱུ་མཚན་མཚུངས་པའི་མགོ་སྙོམས་ནི། འབྲས་བུ་མྱུ་གུ་སྔོན་པོ་བདག་ཉིད་ལས་བདག་ཉིད་སྐྱེ་བ་ལྟར། རྒྱུ་ས་བོན་སྐྱ་བོ་ཡང་བདག་ཉིད་ལས་བདག་ཉིད་སྐྱེ་བར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ཏེ། དེ་ཉིད་མགོ་མཚུངས་ཀྱི་རིགས་པ་ཡིན་པའི་ཕྱིར། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་ནི། གྲངས་ཅན་པས་མྱུ་གུ་སྔོན་པོ་ས་བོན་གྱི་བདག་ཉིད་དུ་ཡོད་པར་ཐལ། མངོན་པར་མི་གསལ་བའི་མྱུ་གུ་ས་བོན་གྱི་བདག་ཉིད་དུ་ཡོད་པའི་ཕྱིར་ཞེས་པའི་ལན་ལ། དབུ་མ་པས་གཏན་ཚིགས་མ་གྲུབ་སྟེ། གཏན་ཚིགས་དེ་ཡང་བསྒྲུབ་བྱ་དང་མཚུངས་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ཏེ། རྩ་ཤེ་ལས། སྟོང་པ་ཉིད་ཀྱི་རྩོད་བྱས་ཚེ། །གང་ཞིག་ལན་ལྡོན་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། མཚན་གཞི་གསལ་བར་བཟུང་ནས། མངོན་པར་མི་གསལ་བའི་མྱུ་གུ་ས་བོན་གྱི་བདག་ཉིད་དུ་ཡོད་པའི་ཕྱིར་ལ་གཏན་ཚིགས་མ་གྲུབ་སྟེ། མངོན་པར་མི་གསལ་བ་དེ་ཡང་མྱུ་གུ་སྔོན་པོ་ས་བོན་གྱི་བདག་ཉིད་དུ་མེད་པ་དང་མཚུངས་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་བཞིན་དུ་མེ་ལྕེ་ལས་མུན་པ་སྟུག་པོ་འབྱུང་བར་ཐལ། རྒྱུ་གཞན་ལས་འབྲས་བུ་གཞན་འབྱུང་བའི་ཕྱིར། ཡང་རྒྱུ་ཡིན་མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་ཐལ། རྒྱུ་གཞན་ལས་འབྲས་བུ་གཞན་སྐྱེ་བའི་ཕྱིར། ཞེས་པའི་རིགས་པ་གཉིས་ནི། གཞན་སྐྱེ་འགོག་བྱེད་ཀྱི་རྒྱུ་མཚན་མཚུངས་པའི་མགོ་སྙམ་ཡིན་ཏེ། འཇུག་པ་ལས། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་སྟུག་པོ་འབྱུང་འགྱུར་ཏེ། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་གཉིས་ཀ་ལས་སྐྱེ་བ་ནི། སྔར་གྱི་རིགས་པ་དེ་དག་གིས་ཁེགས་པ་ཡིན་ཏེ། འཇུག་པ་ལས། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་མཐའ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཅེར་བུ་བས། གཉིས་ཀ་ལས་སྐྱེ་བའི་སྒྲུབ་བྱེད་ནི། འབྲས་བུ་རྣམས་རང་དང་རྫས་གཅིག་པ་དང་རྫས་གཞན་པའི་རྒྱུ་གཉིས་ཀ་ལས་སྐྱེ་བ་ཡིན་ཏེ། དཔེར་ན་རྫའི་བུམ་པ་དེ་རང་དང་བདག་ཉིད་གཅིག་ཏུ་གྱུར་པའི་རྒྱུ་འཇིམ་པ་ལས་ཀྱང་སྐྱེ། རང་དང་རྫས་གཞན་དུ་གྱུར་པའི་རྒྱུ་རྫ་མཁན་ལས་ཀྱང་སྐྱེ་བའི་ཕྱིར། ཞེས་འགོད་པར་སྣང་ངོ་། །དབུ་མ་པས་ནི། བུམ་པ་དང་བུམ་པའི་རྒྱུ་གཉིས་རྫས་གཅིག་དང་རྫས་གཞན་གང་དུ་ཡང་ཁས་མི་ལེན་ཏེ། ཁྱོད་འབྲས་བུ་ཡིན་ན། ཁྱོད་ཀྱི་རྒྱུ་དེ་ཁྱོད་དང་རྫས་གཅིག་དང་རྫས་གཞན་གང་ཡང་མ་ཡིན་པས་ཁྱབ་པའི་ཕྱིར། དེ་བཞིན་དུ་རྒྱུ་མེད་ལས་སྐྱེ་བ་འགོག་པ་ནི། འབྲས་བུ་མཐའ་དག་དུས་རྟག་ཏུ་སྐྱེ་བར་ཐལ། རྒྱུ་མེད་པར་འབྲས་བུ་སྐྱེ་བའི་ཕྱིར། ཞེས་དང་། འབྲས་བུ་མྱུ་གུ་འབྱུང་བའི་ཆེད་དུ་རྒྱུ་ས་བོན་འདེབས་པ་དོན་མེད་པར་ཐལ། རྒྱུ་མེད་པར་འབྲས་བུ་སྐྱེ་བའི་ཕྱིར། ཞེས་པ་གཉིས་ཡིན་ཏེ། འཇུག་པ་ལས། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་གསུངས་པའི་ཕྱིར། རྒྱུ་མེད་ལས་སྐྱེ་བ་འདོད་མཁན་འདི་ལ་ཡང་ལུགས་གཉིས་བྱུང་སྟེ། རྒྱང་འཕེན་པ་དག་ད་ལྟར་གྱི་རིག་པ་འདི་ཚེ་སྔ་མའི་རིགས་པ་ལས་བྱུང་བ་མིན་གྱི། འཇིག་རྟེན་འདིའི་འབྱུང་བ་འདུས་པ་ཙམ་ལས་བྱུང་བར་འདོད་པས་ན་མ་མཐོང་བའི་རྒྱུ་མེད་པར་སྨྲ་བ་ཡིན་ལ། དཔྱོད་པ་བ་དག་ཉི་མ་ཤར་ནས་འཆར་བ་དང་། ཆུ་བོ་ཐུར་དུ་འབབ་པ་སོགས། རྒྱུ་རྐྱེན་གྱིས་མ་བྱས་པར་རང་གི་ངང་གིས་བྱུང་བར་འདོད་པས་ན་མཐོང་བའི་རྒྱུ་མེད་པར་སྨྲ་བ་ཡིན་ནོ། །གཉིས་པ་རང་རྒྱུད་པ་དང་ཐུན་མོང་བའི་རྟགས་ཆེན་ལྔ་བཤད་པ་ལ། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་དང་ལྔ། དང་པོ་ནི། སྣང་བའི་དངོས་པོ་འདི་དག་ཆོས་ཅན། བདེན་པར་མེད་དེ། གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། འཕགས་པ་ལྷས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨོ་བཞིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། མཐའ་བཞི་སྐྱེ་འགོག་གི་རིགས་པ་མཐའ་དག་གོ །གསུམ་པ་ནི། སྣང་བ་འདི་དག་ཆོས་ཅན། བདེན་པར་མེད་དེ། འབྲས་བུ་ཡོད་མེད་སྐྱེ་བ་དང་བྲལ་བའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། རྩ་ཤེ་ལས། མེད་དང་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། བཞི་པ་ནི། སྣང་བ་འདི་དག་ཆོས་ཅན། བདེན་པར་མེད་དེ། རྒྱུ་དུ་མས་འབྲས་བུ་གཅིག་དང་དུ་མ་མི་བསྐྱེད། རྒྱུ་གཅིག་གིས་འབྲས་བུ་གཅིག་དང་དུ་མ་མི་བསྐྱེད་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། དབུ་མ་བདེན་གཉིས་ལས། དུ་མས་གཅིག་གི་དངོས་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་གསུངས་པའི་ཕྱིར། ལྔ་པ་ལ། རྣམ་གཅད་དགག་པའི་རྟགས་ཡང་དག་དང་། ཡོངས་གཅོད་སྒྲུབ་པའི་རྟགས་ཡང་དག་གཉིས། དང་པོ་ནི། སྣང་བ་འདི་དག་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །ཅེས་དང་། རྩ་ཤེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ཉིད་ཁྱོད་ཀྱིས་སྟོང་པར་བཞེད། །ཅེས་དང་། འཇུག་པ་ལས། གང་ཕྱིར་དངོས་པོ་བརྟེན་ནས་རབ་བྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །ཞེས་གསུངས་པའི་ཕྱིར། གཏན་ཚིགས་དེ་ནི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དགག་བྱའི་ཆོས་ཀྱི་འགལ་ཟླ་རྟེན་འབྲེལ་རྟགས་སུ་བཀོད་ནས་དགག་ཆོས་བདེན་གྲུབ་འགོག་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་སྒྲུབ་པའི་རྟགས་ཡང་དག་ནི། སྣང་བ་འདི་དག་ཆོས་ཅན། ཀུན་རྫོབ་ཏུ་ཡོད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། རྩ་ཤེ་ལས། དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་དང་། འཇུག་པ་ལས། དེ་ནི་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་པ་ཉིད་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། འདི་ནི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། རྟེན་འབྲེལ་དང་ཀུན་རྫོབ་ཏུ་ཡོད་པ་གཉིས་ལ་རང་བཞིན་དང་རང་བཞིན་ཅན་གྱི་འབྲེལ་བ་གཞི་གྲུབ་པའི་ཕྱིར། གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་དང་པོ་བཞིན། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དགག་ཆོས་བདེན་གྲུབ་ཀྱི་འགྲན་ཟླ་མ་དམིགས་པ་རྟགས་སུ་བཀོད་ནས་དགག་ཆོས་འབྲེལ་ཡུལ་འགོག་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདི་དག་རྟགས་ཡང་དག་ཡིན་ཡང་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་མིན་ནི་འོག་ཏུ་འཆད་པར་འགྱུར་རོ། །རྟེན་འབྲེལ་གཉིས་སུ་ཕྱེ་བའི་ཕྱི་མ་འདི་ལ་ཁ་ཅིག་ཐ་སྙད་དུ་ཡོད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་འགོད་པ་ནི་མི་འཐད་དེ། འོ་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་ཆོས་ཅན། ཐ་སྙད་དུ་ཡོད་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། རྒྱུ་རྐྱེན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་ཏེ། སྒྱུ་མ་མཁན་གྱི་སྔགས་སོགས་ཀྱིས་བསླད་པ་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར་ཏེ། སྤྲུལ་གཞི་སྒྱུ་མ་མཁན་གྱིས་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། དེ་ཡོད་པར་ཐལ། ཐ་སྙད་དུ་ཡོད་པའི་ཕྱིར། ཁྱབ་སྟེ། མདོ་ལས། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་འདོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། མེད་པར་ཐལ། ལོག་པའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟག་པ་གང་། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྱུ་མ་མཁན་གྱིས་སྤྲུལ་པའི་དངོས་པོ་ཡིན་པའི་ཕྱིར། དེས་ན་ལུགས་འདི་ལ་དངོས་པོ་ཡིན་ན་ཡང་ཡོད་པས་མ་ཁྱབ། ཤེས་པ་ཡིན་ན་ཡང་ཡོད་པས་མ་ཁྱབ་སྟེ། སྨིག་རྒྱུ་དང་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་སོགས་སྣང་བའི་དངོས་པོ་ཡིན་ཡང་མེད་པའི་ཕྱིར་དང་། སྨིག་རྒྱུ་ལ་ཆུར་སྣང་བའི་ཤེས་པ་དང་། ཟླ་བ་གཉིས་སྣང་གི་དབང་ཤེས་སོགས་ཡུལ་མེད་པའི་རྒྱུ་མཚན་གྱིས་ཡུལ་ཅན་ཡང་མེད་པར་འགྱུར་བའི་ཕྱིར་ཏེ། འཇུག་པ་ལས། མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཞེས་གསུངས་པའི་ཕྱིར། ཁ་ཅིག་རྟེན་འབྲེལ་ཡིན་ན། དངོས་པོ་ཡིན་པས་ཁྱབ་སྟེ། རྟེན་འབྲེལ་གྱི་གོ་དོན་རྒྱུ་རྐྱེན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཆད་རིགས་པའི་ཕྱིར། ཞེས་ཟེར་བ་ནི་རྣམ་དཔྱོད་ཀྱི་མིག་བུ་ཕྱོགས་གཅིག་ལ་ཨ་འཐས་ཀྱི་སྐྱོན་ཏེ། འོ་ན་དངོས་མེད་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་པོ་ལ་བརྟེན་ནས་བཞག་པའི་ཆོས་ཡིན་པའི་ཕྱིར་ཏེ། དངོས་པོ་ལ་ལྟོས་ནས་བཞག་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་པ་དང་དངོས་མེད་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཕྱིར། དེས་ན་རྟེན་འབྲེལ་ལ་རྒྱུ་རྐྱེན་གྱིས་བསྐྱེད་པའི་རྟེན་འབྲེལ་དང་། ཕན་ཚུན་ལྟོས་གྲུབ་ཙམ་གྱི་རྟེན་འབྲེལ་གཉིས། དང་པོ་ནི། རྒྱུ་མར་མེ་ཡོད་ན། འབྲས་བུ་འོད་འབྱུང་བ་སོགས་ནི་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འདི་སྐྱེ་པས་ན་འདི་སྐྱེ་དཔེར། །མར་མེ་སྐྱེས་པས་འོད་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རྒྱུ་རྐྱེན་གྱི་རྟེན་འབྲེལ་འདི་དང་། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་པའི་རྐྱེན་ལས་སྐྱེས་པ་དང་། རྩ་ཤེ་ལས། གང་ཞིག་རྟེན་འབྲེལ་མ་ཡིན་པའི། །དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་པའི་དངོས་པོ་དང་། རིགས་པ་དྲུག་ཅུ་པ་ལས། དེ་དང་དེར་རྟེན་གང་འབྱུང་བ། །རང་གི་ངོ་བོ་དེ་མ་སྐྱེས། །ཞེས་པའི་དངོས་བསྟན་གྱི་རྟེན་འབྱུང་དང་། འཇུག་པ་ལས། དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །ཞེས་པའི་དངོས་བསྟན་གྱི་བརྟེན་ནས་སྐྱེ་བ་རྣམས་དོན་གཅིག་ཅིང་། དེ་རྣམས་ཡིན་ན་རྒྱུ་རྐྱེན་དང་བཅས་པའི་ཆོས་ཡིན་པས་ཁྱབ་བོ། །གཉིས་པ་ནི། དངོས་པོ་དང་དངོས་མེད། མཚན་ཉིད་དང་མཚོན་བྱ། ཤེས་བྱ་དང་ཤེས་བྱེད། ཡན་ལག་དང་ཡན་ལག་ཅན། རིང་པོ་དང་ཐུང་ངུ་སོགས་ཕན་ཚུན་ལྟོས་གྲུབ་ཡིན་ཏེ། དངོས་པོ་ལ་ལྟོས་ནས་དངོས་མེད་དང་། དངོས་མེད་ལ་ལྟོས་ནས་དངོས་པོ་བཞག་པ་སོགས་ཀྱི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། འདི་ཡོད་པས་ན་འདི་འབྱུང་དཔེར། །ཐུང་ངུ་ཡོད་ན་རིང་པོ་བཞིན། །ཞེས་གསུངས་པའི་ཕྱིར། འོ་ན་མེད་པ་ཡང་རྟེན་འབྲེལ་དུ་འགྱུར་ཏེ། ཡོད་པ་དང་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཕྱིར་རོ་སྙམ་ན། གཏན་ཚིགས་མ་གྲུབ་སྟེ། ཡོད་པ་ལ་ལྟོས་ནས་མེད་པའི་རྣམ་གཞག་བྱར་མེད་པའི་ཕྱིར། ཡང་འདིར་ཁ་ཅིག གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་མ་ཁྱབ་སྟེ། ནམ་མཁའ་ལ་རྟེན་འབྲེལ་གྱི་དོན་བཞག་ཏུ་མེད་པའི་ཕྱིར་ཞེ་ན། དེ་ཡང་ལྟོས་གྲུབ་ཀྱི་རྟེན་འབྲེལ་ཡིན་ཏེ། རང་གི་འགལ་ཟླ་ནམ་མཁའ་མ་ཡིན་པ་དང་། ཕན་ཚུན་ལྟོས་གྲུབ་ཡིན་པའི་ཕྱིར་ཏེ། བུམ་པ་དང་བུམ་པ་མ་ཡིན་པ་ཕན་ཚུལ་ལྟོས་གྲུབ་ཡིན་པའི་ཕྱིར། དེ་བས་ན་གཞི་གྲུབ་ན་རྒྱུ་རྐྱེན་གྱི་རྟེན་འབྲེལ་དང་། ལྟོས་གྲུབ་ཀྱི་རྟེན་འབྲེལ་གང་རུང་ཡིན་པས་ཁྱབ། འདིའི་གནད་ཀྱིས་གཞི་གྲུབ་ན་བདེན་སྟོང་ཡིན་པས་ཀྱང་ཁྱབ་སྟེ། རྟེན་འབྲེལ་ཡིན་པ་གཞིར་བཞག་ལ་བདེན་པར་གྲུབ་པ་མི་སྲིད་པའི་ཕྱིར། དེ་སྐད་དུ་རྩ་ཤེ་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པའི་གནད་གོ་ན་རྟག་ཆད་ཀྱི་མཐའ་གཉིས་ལ་གྲོལ་བ་ཡིན་ཏེ། རྟེན་འབྲེལ་ཡིན་པས་རང་བཞིན་གྱིས་མ་གྲུབ་པར་སོང་བས་རྟག་མཐའ་ལས་གྲོལ། ཀུན་རྫོབ་ཏུ་ཡེ་མེད་པ་མིན་པས་ཆད་མཐའ་ལས་གྲོལ་བར་འགྱུར་བའི་ཕྱིར་ཏེ། དེ་སྐད་དུ་འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པའི་ཕྱིར། གསུམ་པ་དོགས་པ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། གནས་ལུགས་ལ་དཔྱོད་པའི་གཏན་ཚིགས་ཡིན་ན། གཏན་ཚིགས་ཡང་དག་ཡིན་པས་ཁྱབ། གནས་ལུགས་ལ་དཔྱོད་པའི་རིགས་པ་ཡིན་ན། བདེན་དངོས་འགོག་བྱེད་ཀྱི་རིགས་པ་ཡིན་པས་ཁྱབ། དབུ་མ་པའི་རིགས་པ་ཡིན་ན། དབུ་མའི་རིགས་པ་ཡིན་པའི་ཁྱབ་ཟེར་བ་རྣམས་མི་འཐད་དེ། དམ་བཅའ་དང་པོ་ལ། མྱུ་གུ་བདེན་མེད་དུ་རྟོགས་པའི་ཕྱིར་རྒོལ་གྱི་ངོར་བཀོད་པའི་མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། མྱུ་གུའི་གནས་ལུགས་ལ་དཔྱོད་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། རྟེན་འབྲེལ་གྱི་རྟགས་ལས་མྱུ་གུ་བདེན་མེད་དུ་བསྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། གྲུབ་ཟིན་བསྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། ཡོད་འགོད་ཡུལ་གྱི་ཕྱིར་རྒོལ་དེས་བསྒྲུབ་བྱ་མྱུ་གུ་བདེན་མེད་དུ་གྲུབ་ཟིན་པའི་ཕྱིར་ཏེ། མྱུ་གུ་བདེན་མེད་དུ་རྟོགས་པའི་ཕྱིར་རྒོལ་གྱི་ངོར་བཀོད་པའི་དེ་སྐོར་གྱི་གཏན་ཚིགས་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ། བུམ་པའི་སྟེང་དུ་མེད་མཐའ་འགོག་བྱེད་ཀྱི་དབུ་མའི་རིགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། མཐའ་བཞིའི་ནང་ཚན་གྱི་མཐའ་ཕྱི་མ་འགོག་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར་ཏེ། བུམ་པའི་སྟེང་དུ་མེད་མཐའ་འགོག་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པའི་གནས་ལུགས་མཐར་ཐུག་ལ་དཔྱོད་པའི་ཚེ། བུམ་པའི་སྟེང་དུ་མེད་མཐའ་འགོག་དགོས་པའི་ཕྱིར་ཏེ། བུམ་པའི་གནས་ལུགས་མཐར་ཐུག་ལ་དཔྱོད་པའི་ཚེ་མཐའ་བཞི་རིམ་ཅན་དུ་འགོག་དགོས་པའི་ཕྱིར་ཏེ། ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས། །གནས་ལུགས་དཔྱོད་པའི་སོ་སྐྱེའི་བློ་གྲོས་ཀྱིས། །མཐའ་བཞིའི་སྤྲོས་པ་ཅིག་ཆར་མི་ཁེག་ཀྱང་། །རེས་འཇོག་ཚུལ་གྱིས་བཞི་ཆར་བཀག་ནས་ནི། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡོད་མཐའ་འགོག་བྱེད་ཀྱི་རིགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མེད་མཐའ་འགོག་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར། དམ་བཅའ་གསུམ་པ་ལ། ཐེག་ཆེན་གྱི་རིགས་སད་པའི་སེམས་དཔའ་ཕ་རོལ་པོ་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་སྒྲུབ་པར་བྱེད་པ་ལ། སློང་བ་པོ་ལ་རང་གི་ལུས་ལས་ཤ་བཅད་དེ་སྟེར་བའི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པ་རྟགས་སུ་བཀོད་པའི་གཏན་ཚིགས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དབུ་མ་པའི་ལུགས་ཀྱི་རིགས་པ་ཡིན་པའི་ཕྱིར་ཏེ། དབུ་མ་འཇུག་པའི་དངོས་བསྟན་གྱི་རིགས་པ་ཡིན་པའི་ཕྱིར་ཏེ། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །ཞེས་པའི་དངོས་བསྟན་གྱི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེའི་དངོས་བསྟན་གྱི་གཏན་ཚིགས་གཅིག་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དོན་དམ་སྒྲུབ་བྱེད་ཀྱི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཀུན་རྫོབ་སྒྲུབ་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར་ཏེ། སྤྱོད་པ་ཁྱད་པར་ཅན་གྱི་རྟགས་ལས་སེམས་དཔའ་ཕ་རོལ་པོ་ཡོན་ཏན་ཁྱད་པར་ཅན་དང་ལྡན་པར་སྒྲུབ་པའི་རིགས་པ་ཡིན་པའི་ཕྱིར། ཡང་ཁ་ཅིག རྟེན་འབྲེལ་ཆེན་པོའི་རིགས་པ་ཡིན་ན། གནས་ལུགས་ལ་དཔྱོད་པའི་རིགས་པ་ཡིན་པས་ཁྱབ། དབུ་མའི་རྟགས་ཆེན་ལྔ་པོ་གང་རུང་ཡིན་ན། ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པས་ཁྱབ། དབུ་མའི་རྟགས་ཆེན་ལྔ་པོ་གང་རུང་ཡིན་ན། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ཡིན་པས་ཁྱབ། ཐལ་འགྱུར་གྱི་གཏན་ཚིགས་ཡིན་ན། གཞན་ལ་གྲགས་ཀྱི་གཏན་ཚིགས་ཡིན་པས་ཁྱབ་ཟེར་བ་རྣམས་མི་འཐད་དེ། དམ་བཅའ་དང་པོ་ལ། ལས་རྒྱུ་འབྲས་ཆོས་ཅན། ཀུན་རྫོབ་ཏུ་ཡོད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་རིགས་པ་འདི་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེར་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་པའི་དངོས་བསྟན་གྱི་རིགས་པ་ཡིན་པའི་ཕྱིར་ཏེ། རྟེན་འབྲེལ་གྱི་རྟགས་ལས་མེད་པར་སྐུར་འདེབས་ཀྱི་མཐའ་འགོག་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར་ཏེ། དེའི་རྟགས་ལས་ལས་འབྲས་ཀུན་རྫོབ་ཏུ་མེད་པ་འགོག་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར་ཏེ། དེའི་རྟགས་ལས་ལས་རྒྱུ་འབྲས་ཀུན་རྫོབ་ཏུ་ཡོད་པར་སྒྲུབ་པའི་རིགས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གནས་ལུགས་ལ་དཔྱོད་པའི་རིགས་པ་མ་ཡིན་པར་ཐལ། ཀུན་རྫོབ་སྒྲུབ་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །དམ་བཅའ་གཉིས་པ་ལ། མྱུ་གུ་བདེན་མེད་དུ་སྒྲུབ་པ་ལ་རྟེན་འབྲེལ་རྟགས་སུ་བཀོད་པའི་གཏན་ཚིགས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། རྟེན་འབྲེལ་གྱི་རྟགས་ལས་མྱུ་གུ་བདེན་མེད་དུ་སྒྲུབ་པའི་ཚེ་ཚུལ་གསུམ་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ཕྱོགས་ཆོས་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་མྱུ་གུ་ཚད་མས་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མྱུ་གུའི་གནས་ལུགས་ལ་དཔྱོད་པའི་ཚེ་མྱུ་གུ་ཚད་མས་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མྱུ་གུ་རིགས་པས་དཔྱོད་བཟོད་དུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན་མྱུ་གུ་བདེན་གྲུབ་ཏུ་ཐལ་ལོ། །དམ་བཅའ་གསུམ་པ་ལ། གང་ཟག་བདེན་མེད་དུ་སྒྲུབ་པ་ལ་རྟེན་འབྲེལ་རྟགས་སུ་བཀོད་པའི་རིགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། རྟེན་འབྲེལ་ཆེན་པོའི་རིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟེན་འབྲེལ་གྱི་རྟགས་ལས་ཆོས་ཐམས་ཅད་བདེན་མེད་དུ་སྒྲུབ་ནུས་པའི་ཕྱིར་ཏེ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །ཞེས་སོགས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་མ་ཡིན་པར་ཐལ། གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་འགོག་པའི་རིགས་པ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་བདེན་གྲུབ་འགོག་པའི་རིགས་པ་ཡིན་པའི་ཕྱིར་ཏེ། གང་ཟག་བདེན་མེད་དུ་སྒྲུབ་པའི་རིགས་པ་ཡིན་པའི་ཕྱིར། དམ་བཅའ་བཞི་པ་ལ། སེམས་ཙམ་པའི་ངོར་གཟུང་འཛིན་གཉིས་མེད་ཀྱི་རྣམ་ཤེས་བདེན་མེད་དུ་སྒྲུབ་པ་ལ་གཅིག་དུ་བྲལ་རྟགས་སུ་འགོད་པའི་གཏན་ཚིགས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དོན་དམ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། དོན་དམ་སྒྲུབ་བྱེད་ཀྱི་རང་རྒྱུད་ཀྱི་གཏན་ཚིགས་མེད་པའི་ཕྱིར། རྩ་བར་འདོད་ན། ཕྱོགས་ཆོས་ཕྱིར་རྒོལ་གྱིས་ཁས་བླངས་པའི་གཏན་ཚིགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་རྣམ་ཤེས་གཅིག་དུ་བྲལ་དུ་ཁས་བླངས་པར་ཐལ། དེ་ཕྱོགས་ཆོས་ཕྱིར་རྒོལ་གྱིས་ཁས་བླངས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། སེམས་ཙམ་པས་དེ་གཅིག་དང་དུ་མ་དང་བྲལ་བར་ཁས་བླངས་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཙམ་པས་དེ་རང་བཞིན་གྱིས་མ་གྲུབ་པར་ཁས་བླངས་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཙམ་པའི་ངོར་དེ་བདེན་མེད་དུ་སྒྲུབ་མི་དགོས་པར་ཐལ་ལོ། །གཉིས་པ་རང་ལུགས་ནི། དབུ་མའི་རིགས་པ་དང་། གནས་ལུགས་ལ་དཔྱོད་པའི་རིགས་པ་དང་། དོན་དམ་སྒྲུབ་བྱེད་ཀྱི་རིགས་པ་དང་། སྟོང་ཉིད་སྒྲུབ་བྱེད་ཀྱི་རིགས་པ་དང་། བདག་མེད་གཉིས་པོ་གང་རུང་སྒྲུབ་བྱེད་ཀྱི་རིགས་པ་རྣམས་དོན་གཅིག་ཅིང་། དེ་རྣམས་ཡིན་ན། ཐལ་འགྱུར་གྱི་གཏན་ཚིགས་ཡིན་པས་ཁྱབ། རང་རྒྱུད་ཀྱི་གཏན་ཚིགས་དང་། ཚུལ་གསུམ་ཚང་བའི་གཏན་ཚིག་མ་ཡིན་པས་ཁྱབ་སྟེ། ཆོས་གང་དང་གང་གི་གནས་ལུགས་ལ་དཔྱོད་པའི་ཚེ། ཆོས་དེ་ཚད་མས་མ་གྲུབ་པའི་ཕྱིར། གལ་ཏེ་གྲུབ་ན་ཆོས་དེ་རིགས་པས་དཔྱད་བཟོད་དུ་གྲུབ་པར་ཐལ་བའི་སྐྱོན་ཡོད་དོ། །དབུ་མའི་རིགས་པ་དེ་ལ་གཏན་ཚིགས་ཀྱི་སྒོ་ནས་གཅིག་དུ་བྲལ་ལ་སོགས་པ་ལྔ། བསྒྲུབ་བྱའི་སྒོ་ནས་གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་དང་། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་གཉིས། འགྲེལ་ཚུལ་གྱི་སྒོ་ནས་ཐལ་འགྱུར་དང་རང་རྒྱུད་ཀྱི་རིགས་པ་གཉིས། དགག་བྱའི་སྒོ་ནས་ཡོད་མཐའ་འགོག་པ། མེད་མཐའ་འགོག་པ། གཉིས་ཀ་འགོག་པ། གཉིས་མིན་འགོག་པའི་རིགས་པ་དང་བཞིའོ། །གཅིག་དུ་བྲལ་སོགས་ལྔ་ནི་བཤད་ཟིན་ཅིང་། དེ་དག་ནི་མཐའ་བཞིའི་ནང་ནས་གཙོ་བོར་ཡོད་མཐའ་འགོག་བྱེད་དང་། བདག་མེད་གཉིས་ཀྱི་ནང་ནས་གཙོ་བོར་ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ཡིན་ནོ། །བསྒྲུབ་བྱའི་སྒོ་ནས་གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་ནི་འོག་ཏུ་འབྱུང་ཞིང་། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ནི་སྔར་བཤད་ཟིན་པ་རྣམས་སོ། །འགྲེལ་ཚུལ་གྱི་སྒོ་ནས་ཐལ་འགྱུར་གྱི་རིགས་པ་ནི་སྔར་ཡང་བཤད་ཟིན་ཅིང་། གང་ཟག་བདག་འགོག་གི་སྐབས་སུ་ཡང་འབྱུང་སྟེ། དབུ་མའི་རིགས་པ་ཐམས་ཅད་ཐལ་འགྱུར་གྱི་རིགས་པ་ཡིན་པའི་ཕྱིར། རང་རྒྱུད་ཀྱི་རིགས་པ་ནི་འགྲེལ་ཚུལ་གྱི་སྒོ་ནས་ལུགས་གཉིས་ཡོད་པ་ཤེས་པའི་ཕྱིར་བཤད་པ་ཙམ་ཡིན་གྱི། དོན་ལ་དབུ་མའི་རིགས་པར་གྱུར་པའི་རང་རྒྱུད་ཀྱི་རིགས་པ་ཁས་མི་ལེན་ནོ། །དེས་ན་འགྲེལ་ཚུལ་གྱི་སྒོ་ནས་ཕྱེ་བའི་དབུ་མའི་རིགས་པ་ཡིན་ན། དབུ་མའི་རིགས་པ་ཡིན་པས་མ་ཁྱབ་སྟེ། དབུ་མ་རང་རྒྱུད་ཀྱི་དབུ་མའི་རིགས་པ་ཡིན་ན། དབུ་མའི་རིགས་པ་མ་ཡིན་པས་ཁྱབ་པའི་ཕྱིར། དགག་བྱའི་སྒོ་ནས་ཡོད་མཐའ་འགོག་ཚུལ་ནི། སྣང་བའི་དངོས་པོ་སོགས་རྩོད་གཞི་འདུས་བྱས་ཀྱི་སྟེང་དུ་འགོག་པ་གཙོ་ཆེ་སྟེ། འདུས་བྱས་ལ་བདེན་འཛིན་དུ་ཞུགས་པ་ཤས་ཆེའི། འདུས་མ་བྱས་དང་དངོས་མེད་ལ་བདེན་འཛིན་ཞུགས་པ་ཤས་ཆུང་ཞིང་འདུས་བྱས་བདེན་པར་གྲུབ་པ་བཀག་པའི་ཤུགས་ལ་ཁེགས་པར་འགྱུར་ཏེ། རྩ་ཤེ་ལས། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་དང་། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །ཞེས་གསུངས་པའི་ཕྱིར། མཐའ་ཕྱི་མ་འགོག་ཚུལ་ནི། མྱུ་གུ་ལྟ་བུ་གཅིག་ལ་མཚོན་ན། མྱུ་གུ་མེད་པའང་མ་གྲུབ་སྟེ། དགག་བྱ་མྱུ་གུ་ཡོད་པ་མ་གྲུབ་པའི་ཕྱིར། མྱུ་གུ་ཡོད་པ་དང་མེད་པ་གཉིས་ཀ་ཡང་མ་གྲུབ་སྟེ། མྱུ་གུ་ཡོད་པ་ཡང་མ་གྲུབ་མེད་པ་ཡང་མ་གྲུབ་པའི་ཕྱིར། མྱུ་གུ་ཡོད་མེད་གཉིས་ཀ་མ་ཡིན་པ་ཡང་མ་གྲུབ་སྟེ། ལོག་ཕྱོགས་མྱུ་གུ་ཡོད་མེད་གཉིས་ཀ་མ་གྲུབ་པའི་ཕྱིར། ཞེས་པ་ལྟ་བུ་རྣམས་ཡིན་ཏེ། རྩ་ཤེ་ལས། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཅེས་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བརྗོད་དོ། །གཉིས་དང་གཉིས་མིན་མི་བྱ་ཞིང་། །ཞེས་དང་། འཕགས་པ་ལྷས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །ཞེས་དང་། དབུ་མ་རྒྱན་ལས། སྐྱེ་བ་ལ་སོགས་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཞེས་གསུངས་པའི་ཕྱིར། འོ་ན་མྱུ་གུ་བདེན་མེད་སོགས་ཀྱང་དབུ་མའི་རིགས་པའི་དགག་བྱ་ཡིན་ནམ་ཞེ་ན། མྱུ་གུའི་གནས་ལུགས་མཐར་ཐུག་ལ་དཔྱོད་པའི་ཚེ་མྱུ་གུ་བདེན་མེད་ཀྱང་དགག་དགོས་ཏེ། མྱུ་གུའི་གནས་ལུགས་མཐར་ཐུག་ལ་དཔྱོད་པའི་རིགས་པས་མྱུ་གུ་མཐའ་གང་དུ་བཙལ་ཡང་མི་རྙེད་པའི་ཕྱིར་ཏེ། མཐར་ཐུག་དཔྱོད་པའི་རིགས་པས་མྱུ་གུ་མཐའ་གང་དུ་བཙལ་ཡང་མ་རྙེད་པའི་སྟོང་པ་ཉིད་དེ་མྱུ་གུའི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། དེང་སང་ཁ་ཅིག མྱུ་གུའི་གནས་ལུགས་ལ་དཔྱོད་པའི་སོ་སྐྱེའི་བློ་ངོར་མྱུ་གུ་མཐའ་གཅིག་ཏུ་བདེན་མེད་ཡིན་ཏེ། མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་གི་ངོར་མྱུ་གུ་བདེན་མེད་ཡིན་པའི་ཕྱིར་ཏེ། རྗེས་དཔག་དེ་མྱུ་གུ་བདེན་མེད་དུ་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར་ཏེ། དེ་མྱུ་གུ་བདེན་མེད་དུ་འཛིན་པའི་རྟོགས་པ་ཡིན་པའི་ཕྱིར་ཏེ། དེ་མྱུ་གུ་བདེན་མེད་དུ་རྟོགས་པའི་རྟོགས་པ་ཡིན་པའི་ཕྱིར། ཞེས་ཟེར་རོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号