ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གཉིས་པའི་ཡུལ་ནི་དེའི་སྟེང་དུ་ཉན་རང་མི་སློབ་པ་དང་། ས་བཅུའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་རྣམས་ཡིན་ཅིང་། གསུམ་པའི་ཡུལ་ནི་དེ་དག་གི་སྟེང་དུ་ས་བཅུའི་མཉམ་གཞག་ལ་གནས་པའི་བྱང་སེམས་རྣམས་ཀྱང་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ལ། ཞེས་ཟེར་བ་ནི་མི་འཐད་དེ། འོ་ན་རང་གི་ཚེ་འདིའི་མ་ཙམ་འགྱུར་བའི་སྡུག་བསྔལ་དང་ལྡན་པར་མཐོང་ནས། དེ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་གྱི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆོས་ཅན། དམ་བཅའ་དང་པོ་དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། རང་གི་ཚེ་འདིའི་དྲིན་ཅན་གྱི་མ་ཁོ་ན་དམིགས་ཡུལ་དུ་བྱེད་པའི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། རང་གི་དྲིན་ཅན་གྱི་མ་ཙམ་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཆོས་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན་སླ། རྩ་བར་འདོད་མི་ནུས་ཏེ། བྱང་སེམས་འཕགས་པ་རྗེས་ཐོབ་པ་དམིགས་ཡུལ་དུ་མི་བྱེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བྱང་སེམས་ཚོགས་ལམ་པའི་རྒྱུད་ལ་བྱང་སེམས་འཕགས་པ་རྗེས་ཐོབ་པ་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་བློ་མེད་པའི་ཕྱིར་ཏེ། བྱང་སེམས་སོ་སྐྱེའི་རྒྱུད་ལ་བྱང་སེམས་འཕགས་པ་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་གྱི་བློ་མི་སྲིད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བྱང་སེམས་འཕགས་པའི་རྒྱུད་ལ་སངས་རྒྱས་འཕགས་པ་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་གྱི་བློ་མི་སྲིད་པའི་ཕྱིར། དམ་བཅའ་གསུམ་པ་ལ། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་བྱང་སེམས་འཕགས་པ་དམིགས་ཡུལ་དུ་བྱེད་མི་ནུས་པའི་ཕྱིར། མ་གྲུབ་ན་རིགས་འགྲེ། ༈ གཉིས་པ་རང་ལུགས་བཞག་པ་ལ། སྙིང་རྗེ་གསུམ་གྱི་མཚན་ཉིད་བཤད་པ། སྙིང་རྗེ་གསུམ་པོ་འགལ་ཚུལ་བཤད་པ། སྙིང་རྗེ་གསུམ་གྱི་དམིགས་ཡུལ་བཤད་པ་དང་གསུམ། དང་པོ་ནི། འཇུག་པ་དཀའ་འགྲེལ་ལས། སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེ་གསུམ་གྱི་མཚན་ཉིད་རིམ་བཞིན། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དེ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དེ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་དང་། རང་བཞིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སངས་རྒྱས་ཉིད་ཡང་དག་པར་ཐོབ་པར་འདོད་པའི་སྒོ་ནས་སྐྱོབ་པའི་རྣམ་པ་ཅན་ཏེ། ཞེས་གསུངས་པའི་དོན་འདི་ལྟར་ཡིན་ཏེ། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་གང་ཞིག རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་དེ་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་གང་རུང་དང་ལྡན་པ་ཙམ་དུ་མཐོང་ནས། སྡུག་བསྔལ་དེ་ལས་སྐྱོབ་པའི་རྣམ་པ་ཅན་དེ་འདིར་བསྟན་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། ཡང་དེ་གང་ཞིག རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་དེ་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པ་ཙམ་དུ་མཐོང་ནས། སྡུག་བསྔལ་དེ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་དེ་འདིར་བསྟན་ཆོས་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། ཡང་དེ་གང་ཞིག རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་དེ་རང་བཞིན་གྱིས་མི་དམིགས་པར་མཐོང་ནས་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་དེ་འདིར་བསྟན་དམིགས་མེད་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད་ཡིན་ནོ། །འདིར་ཁ་ཅིག དེ་དང་དེའི་ཁྱད་པར་དུ་བྱས་ཞེས་པའི་ཚིག་རྣམས་ཀྱི་དོན། དེ་དང་དེ་ཡིན་པ་ལ་འཆད་པ་ནི་ཤིན་ཏུ་ནོར་ཏེ། འོ་ན་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གང་རུང་ཡིན་པའི་འགྲོ་བ་ཡོད་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། ངན་སོང་གི་སེམས་ཅན་དེ་དེ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ངན་སོང་གི་སེམས་ཅན་ཆོས་ཅན། སྡུག་བསྔལ་དེ་གཉིས་གང་རུང་མ་ཡིན་པར་ཐལ། སྡུག་བསྔལ་དེ་གཉིས་གང་རུང་མྱོང་མཁན་གྱི་གང་ཟག་ཡིན་པའི་ཕྱིར། དེས་ན་དེ་དང་དེས་ཁྱད་པར་དུ་བྱས་ཞེས་པའི་དོན་བཤད་མ་ཐག་པ་ལྟར་ཡིན་ཅིང་དེ་ཉིད་གཞུང་དང་ཡང་མཐུན་ཏེ། གཞུང་ལས། གཡོ་བར་མཐོང་བ་ཡི། །ཞེས་དང་། རང་བཞིན་ཉིད་ཀྱི་སྟོང་པར་མཐོང་བ་ཡི། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། འདིར་བསྟན་སྙིང་རྗེ་གསུམ་པོ་འགལ་བར་མ་ཟད་སྤྱིར་གྱི་སྙིང་རྗེ་གསུམ་པོ་ཡང་འགལ་བ་ཡིན་ཏེ། སྙིང་རྗེ་དང་པོ་གཉིས་པོ་གང་རུང་ཡིན་ན། ཀུན་རྫོབ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་སྙིང་རྗེ་ཡིན་པས་ཁྱབ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་ན། དོན་དམ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་སྙིང་རྗེ་ཡིན་པས་ཁྱབ་པའི་ཕྱིར་ཏེ། སྙིང་རྗེ་དང་པོ་གཉིས་པོ་གང་རུང་ཡིན་ན་ཀུན་རྫོབ་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ། སྙིང་རྗེ་གསུམ་པ་ཡིན་ན། དོན་དམ་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ་པའི་ཕྱིར། སྙིང་རྗེ་སྔ་མ་གཉིས་ཀྱང་འགལ་བ་ཡིན་ཏེ། དེ་གཉིས་ལ་འཛིན་སྟངས་སམ་ཞེན་སྟངས་མི་འདྲ་བའི་ཁྱད་པར་རེ་རེ་ཡོད་པའི་ཕྱིར། དེས་ན་སེམས་ཅན་དམིགས་ཡུལ་དུ་བྱེད་པའི་སྙིང་རྗེ་དང་། ཆོས་དམིགས་ཡུལ་དུ་བྱེད་པའི་སྙིང་རྗེ་དང་། དམིགས་མེད་དམིགས་ཡུལ་དུ་བྱེད་པའི་སྙིང་རྗེ་གསུམ་ལ་རིམ་པ་བཞིན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་སོགས་གསུམ་དུ་འཇོག་པ་ནི་གཞུང་འདིའི་དགོངས་པ་གཏན་ནས་མ་ཡིན་ཏེ། འདི་གསུམ་གྱི་ཁྱད་པར་རང་རང་གི་འཛིན་སྟངས་ཀྱི་ཁྱད་པར་མི་འདྲ་བ་རེ་རེ་ཡོད་པའི་སྒོ་ནས་འཇོག་པའི་ཕྱིར་ཏེ། འདིར་བསྟན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་ན། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་སྡུག་བསྔལ་སྔ་མ་གཉིས་གང་རུང་དང་ལྡན་པ་ཙམ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་སྙིང་རྗེ་ཡིན་པས་ཁྱབ། འདིར་བསྟན་ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་ན། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་སྐད་ཅིག་གིས་འཇིགས་པ་ཙམ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པས་ཁྱབ། འདིར་བསྟན་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་ན། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་རང་བཞིན་གྱིས་མི་དམིགས་པ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་སྙིང་རྗེ་ཡིན་པས་ཁྱབ་པའི་ཕྱིར། དོན་འདི་ལ་དགོངས་ནས། དཔལ་ལྡན་ཟླ་བའི་ཞལ་སྔ་ནས། ད་ནི་དམིགས་པའི་བྱེ་བྲག་ལ་འཇུག་པའི་སྒོ་ནས་ཀྱང་། སྙིང་རྗེ་རང་གི་ངོ་བོའི་ཁྱད་པར་མངོན་པར་གསལ་བར་བྱ་སྟེ། ཞེས་དང་། ཀུན་མཁྱེན་བླ་མའི་འཇུག་པ་དཀའ་འགྲེལ་ལས་ཀྱང་། དམིགས་པ་སོ་སོར་བཤད་ཅེས་གསུངས་སོ། །དེས་ན་འཕགས་པའི་མཉམ་གཞག་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ་སྟེ། དེ་ཡིན་ན། དོན་དམ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་སྙིང་རྗེ་ཡིན་དགོས་པའི་ཕྱིར། འཕགས་པ་འོག་མ་གསུམ་པོ་གང་རུང་གི་རྗེས་ཐོབ་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། སྙིང་རྗེ་སྔ་མ་གཉིས་པོ་གང་རུང་ཡིན་དགོས་ཞིང་། དམིགས་མེད་ལ་དམིགས་པའི་སྙིང་རྗེ་མ་ཡིན་དགོས་ཏེ། དེ་ཡིན་ན། དོན་དམ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་སྙིང་རྗེ་མ་ཡིན་དགོས་པའི་ཕྱིར་ཏེ། འཕགས་པ་འོག་མ་གསུམ་པོ་གང་རུང་གི་རྗེས་ཐོབ་ཡེ་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་ཡིན་ན། ཀུན་རྫོབ་ཡིན་དགོས་པའི་ཕྱིར། འཇུག་པ་ལས། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་སྙིང་རྗེ་གསུམ་གྱི་དམིགས་ཡུལ་བཤད་པ་ནི། སོ་སོའི་སྐྱེ་བོ་དང་ཐེག་དམན་སློབ་པ་འཕགས་པ་རྣམས་འདིར་བསྟན་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་དམིགས་ཡུལ་ཡིན་ཏེ། འཁོར་བའི་སྡུག་བསྔལ་ལས་མ་ཐར་བའི་སེམས་ཅན་ཐམས་ཅད་འདིར་བསྟན་སྙིང་རྗེ་དང་པོའི་དམིགས་ཡུལ་ཡིན་པའི་ཕྱིར། འོན་ཀྱང་སོ་སོའི་སྐྱེ་བོ་ཡིན་ན། འདིར་བསྟན་སྙིང་རྗེ་དང་པོའི་དམིགས་ཡུལ་ཡིན་པས་མ་ཁྱབ་སྟེ། ཐེག་དམན་དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་གི་བྱང་སེམས་སོ་སྐྱེ་ཡོད་པའི་ཕྱིར། དེ་བཞིན་དུ་དེ་དག་གི་སྟེང་དུ་ཉན་རང་མི་སློབ་པ་དང་། ས་བཅུའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་རྣམས་འདིར་བསྟན་ཆོས་ལ་དམིགས་པའི་སྙིང་རྗེའི་དམིགས་ཡུལ་ཡིན་ཏེ། དེ་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ཡིན་པའི་ཕྱིར། ཡང་དེ་བཞིན་དུ་སྔར་གྱི་དེ་དག་གི་སྟེང་དུ་ས་བཅུའི་མཉམ་གཞག་ལ་གནས་པའི་བྱང་སེམས་རྣམས་ཀྱང་འདིར་བསྟན་སྙིང་རྗེ་གསུམ་པའི་དམིགས་ཡུལ་ཡིན་ཏེ། བྱང་སེམས་འཕགས་པའི་རྒྱུད་ལ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་མི་དམིགས་པར་རྟོགས་པའི་སྙིང་རྗེ་ཡོད་པའི་ཕྱིར། འཇུག་པའི་ཡན་ལག་མཆོད་བརྗོད་བཤད་ཟིན་ཏོ། ༈ གཉིས་པ་འཇུག་བྱ་གཞུང་གི་དོན་ཉིད་བཤད་པ་ལ། རྒྱུ་བྱང་ཆུབ་སེམས་དཔའི་ས་བཤད་པ་དང་། འབྲས་བུ་སངས་རྒྱས་ཀྱི་ས་བཤད་པ་གཉིས། དང་པོ་ལ་ས་དང་པོ་རབ་ཏུ་དགའ་བ་བཤད་པ་ནས། བཅུ་པ་ཆོས་ཀྱི་སྤྲིན་བཤད་པའི་བར་བཅུ། དང་པོ་ལ། ས་དང་པོའི་ངོ་བོ་དང་། དེའི་ཡོན་ཏན་བཤད་པ་གཉིས། དང་པོ་ནི། ཆོས་དབྱིངས་མངོན་སུམ་དུ་རྟོགས་པའི་ཟག་མེད་ཀྱི་ཡེ་ཤེས་དང་། བརྩེ་བ་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་འབྲེལ་བའི་མཉམ་གཞག་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པ་དེ་ནི་ས་དང་པོའི་ངོ་བོ་ཡིན་ཏེ། དེའི་རྗེས་ཐོབ་ཏུ་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་འདེབས་པ་སོགས་དང་། ས་ཐོབ་པ་ལ་ཡིད་རབ་ཏུ་དགའ་བ་ཁྱད་པར་ཅན་འབྱུང་ཞིང་། དེ་དག་གིས་སྔར་གྱི་མཉམ་གཞག་དེ་ཉིད་ས་དང་པོར་ཉེ་བར་མཚོན་པར་བྱེད་པའི་ཕྱིར། དེ་སྐད་དུ། རྒྱལ་བའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། །རྣམ་པར་གྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་གྱུར་ཞིང་། །ཀུན་ཏུ་བཟང་པོའི་སྨོན་པས་རབ་བསྔོས་དགའ་བ་ལ། །རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱ་འོ། །ཞེས་དང་། རང་འགྲེལ་ལས། གཉིས་སུ་མེད་པའི་ཡེ་ཤེས་དེའི་རྒྱུ་ཅན་གྱི་འབྲས་བུས་ཉེ་བར་མཚོན་པ་དེ་ལ་ནི། དང་པོ་ཞེས་བྱ་བར་བརྗོད་དོ། །ཞེས་གསུངས་སོ། །དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ནི། ཐབས་ཤེས་ཟུང་འཇུག་གི་ངོ་བོར་གྱུར་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པོ་དེ་ཡིན་ལ། དེའི་རྒྱུ་ཅན་གྱི་འབྲས་བུ་ནི། བཅུ་དྲུག་པ་རྫོགས་མཚམས་ནས་བྱུང་བའི་ས་དང་པོའི་རྗེས་ཐོབ་ཡེ་ཤེས་མཐའ་དག་ཡིན་ཅིང་། རྗེས་ཐོབ་ཏུ་ཕར་ཕྱིན་བཅུའི་ནང་ནས་སྦྱིན་པའི་ཕར་ཕྱིན་ལ་ལྷག་པར་སྤྱོད་པ་སོགས་ཡོན་ཏན་གྱི་ལྡོག་ཆ་ནས་ཕྱེ་བ་ན་སྔར་གྱི་མཉམ་གཞག་དེ་ཉིད་ལ་ས་དང་པོ་ཞེས་བྱ་བའི་མིང་ཐོབ་པས་ན་ཉེ་བར་མཚོན་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་ས་གཉིས་པ་སོགས་ཀྱང་རང་རང་གི་རྗེས་ཐོབ་ཀྱི་ཡོན་ཏན་གྱི་ལྡོག་ཆས་ཕྱེ་བ་ན། ས་རང་རང་གི་མཉམ་གཞག་ལ་ས་གཉིས་པ་སོགས་སུ་བཞག་པ་ཡིན་གྱི། མཉམ་གཞག་རང་ངོར་སར་བཞག་ཏུ་མེད་དེ། རང་ངོར་ས་ཡིན་མིན་གྱི་སྤྲོས་པ་དང་བྲལ་བའི་ཕྱིར། དེ་སྐད་དུ། མདོ་སྡེ་ས་བཅུ་པ་ལས། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་བཞིན་རྒྱལ་བའི་སྲས་ཀྱི་ས་ཀུན་ཡང་། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་པ་འདི། མཉམ་གཞག་རང་ངོའི་དབང་དུ་བྱས་ནས་གསུངས་པས་སོ། །མདོར་ན་རྗེས་ཐོབ་ཀྱི་ལྡོག་པས་ཕྱེ་བ་ན་མཉམ་གཞག་ཏུ་ཆོས་དབྱིངས་ཀུན་འགྲོའི་ཚུལ་གྱིས་རྟོགས་པ་སོགས་མཉམ་གཞག་རིགས་མི་འདྲ་བ་བཅུ་ཙམ་བྱུང་བ་ལ་བྱང་སེམས་ཀྱི་ས་བཅུར་འཇོག་པ་ཡིན་ཏེ། རང་འགྲེལ་ལས། ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་ཐོབ་སྟེ། ཞེས་གསུངས་པའི་ཕྱིར། དོན་འདི་མ་རྟོགས་པར་ཕལ་ཆེར་ས་བཅུ་པོ་རང་རང་གི་རྗེས་ཐོབ་ཡེ་ཤེས་ས་དེ་དང་དེ་ཡིན་ཟེར་བ་མི་འཐད་དེ། ས་དང་པོའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། ཁྱོད་ས་དང་པོ་མ་ཡིན་པར་ཐལ། ས་དང་པོའི་དུས་ན་ཁྱོད་མེད་པའི་ཕྱིར་ཏེ། ཁྱོད་ས་དང་པོའི་རྗེས་ལ་བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ས་དང་པོའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཡིན་པའི་ཕྱིར་ཏེ། རྩོད་གཞི་ཡིན་པའི་ཕྱིར། ཁྱབ་སྟེ། ས་དང་པོའི་རྗེས་ཐོབ་པའི་གོ་དོན་ཞིག་ཡོད་པའི་ཕྱིར། དེ་བཞིན་དུ་གཉིས་པའི་རྗེས་ཐོབ་ཡེ་ཤེས་སོགས་ཀྱང་ཆོས་ཅན་དུ་བཟུང་ནས་འཕེན་ནོ། །ཡང་ས་དང་པོའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། ཁྱོད་དེ་ནི་དང་པོ་ཞེས་བྱའོ་ཞེས་པའི་དངོས་བསྟན་གྱི་དང་པོ་ཡིན་པར་ཐལ། ཁྱོད་ས་དང་པོ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཉིས་སུ་མེད་པའི་ཡེ་ཤེས་དེའི་རྒྱུ་ཅན་གྱི་འབྲས་བུས་ཉེ་བར་མཚོན་པ་དེ་ལ་ནི། དང་པོ་ཞེས་བྱ་བར་བརྗོད་དོ། །ཞེས་པའི་དངོས་བསྟན་གྱི་ཉེ་བར་མཚོན་བྱའི་ཆོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་དངོས་བསྟན་གྱི་ཉེ་བར་མཚོན་བྱེད་ཀྱི་ཆོས་ཡིན་པའི་ཕྱིར་ཏེ། རྒྱུ་ཅན་གྱི་འབྲས་བུ་ཞེས་པའི་དངོས་བསྟན་གྱི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དང་པོའི་མཉམ་གཞག་ཡེ་ཤེས་ཀྱི་འབྲས་བུར་གྱུར་པའི་ས་དང་པོའི་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་པ་དེའི་དངོས་བསྟན་གྱི་གཉིས་སུ་མེད་པའི་ཡེ་ཤེས་དང་འབྲས་བུ་རྣམས་ལ་ངོས་འཛིན་རེ་བྱེད་རིགས་པའི་ཕྱིར། དེས་ན་བྱང་སེམས་ཀྱི་ས་ཡིན་ན། མཉམ་གཞག་ཡེ་ཤེས་ཡིན་པས་ཁྱབ་སྟེ། ས་དང་པོའི་མཉམ་རྗེས་གཉིས་ཀྱི་ནང་ནས་མཉམ་གཞག་ཉིད་ས་དང་པོར་བསྟན་པའི་ཕྱིར་ཏེ། དཀའ་འགྲེལ་ལས། ཟག་མེད་ཡེ་ཤེས་དང་པོ་རབ་དགར་བསྟན། །ཞེས་དང་། རྗེས་ཐོབ་དེས་སྔར་གྱི་མཉམ་གཞག་དེ་ཉིད་ས་དང་པོར་མཚོན་པས་ཞེས་གསུངས་པའི་ཕྱིར། མཉམ་གཞག་ཡེ་ཤེས་དེ་ས་ཡིན་པའི་རྒྱུ་མཚན་ཡང་། གཞུང་ལུགས་ཚད་ལྡན་དག་ལས། རྗེས་ཐོབ་ཀྱི་ཡོན་ཏན་གྱི་ལྡོག་ཆའི་སྒོ་ནས་སར་བཤད་པ་ཡིན་གྱི། རྗེས་ཐོབ་ཡེ་ཤེས་ས་ཡིན་པ་ལ་རྒྱུ་མཚན་དང་བཤད་ཚོད་ཅི་ཡང་མེད་དོ། །ཚུལ་འདི་ལ་བརྟེན་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་བཤད་སྲོལ་རང་རྐང་ལ། སངས་རྒྱས་ཐོབ་ཁ་མའི་བྱང་སེམས་ཀྱི་རྒྱུན་མཐའ་མའི་ཡེ་ཤེས་དེ་ཡང་ས་མ་ཡིན་ཏེ། རང་གི་རྟོགས་པ་ཕྱི་མའི་རྟེན་མི་བྱེད་པའི་ཕྱིར། གཉིས་པ་དེའི་ཡོན་ཏན་བཤད་པ་ལ། མིང་འཕོ་བའི་ཡོན་ཏན། དོན་ཐོབ་པའི་ཡོན་ཏན། དཔེས་བསྟན་པའི་ཡོན་ཏན། གཞན་ཟིལ་གྱིས་གནོན་པའི་ཡོན་ཏན། ཕར་ཕྱིན་ལྷག་པའི་ཡོན་ཏན་དང་ལྔ། དང་པོ་ནི། གནས་སྐབས་གསུམ་དུ་ཕྱེ་བའི་བྱང་ཆུབ་སེམས་དཔའ་དང་། ལྟ་བའི་སྒོ་ནས་བཞག་པའི་བྱང་ཆུབ་སེམས་དཔའ་དང་། དོན་དམ་པའི་སེམས་བསྐྱེད་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དོན་གཅིག་ཅིང་། དེ་རྣམས་ནི་ས་དང་པོ་ཐོབ་པ་ཡན་ཆད་དུ་ཡོད་ཀྱི། སོ་སྐྱེའི་གནས་སྐབས་སུ་ནི་མེད་དེ། དེ་ནས་བཟུང་སྟེ་དེ་ནི་ཐོབ་པར་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་གསུངས་པའི་ཕྱིར། སྤྱོད་པའི་སྒོ་ནས་བཞག་པའི་བྱང་ཆུབ་སེམས་དཔའ་ནི། ཐེག་ཆེན་ལམ་དུ་ཞུགས་མ་ཐག་པ་ནས་རྒྱུན་མཐའི་བར་ན་ཡོད་པ་ཡིན་ཏེ། སྤྱོད་པ་ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་སྐྱེས་པའི་བྱང་སེམས་ལ་དེར་འཇོག་པའི་ཕྱིར། གཉིས་པ་ནི། དོན་དམ་བྱང་སེམས་ཀྱི་སྒོ་ནས་ཡབ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་དང་། མཐོང་སྤང་ཀུན་སྦྱོར་གསུམ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཚུལ་གྱིས་སྤངས་པ་དང་། ཐུན་མོང་མ་ཡིན་པའི་དགའ་བ་མཆོག་དང་ལྡན་པ་སོགས་དང་། མི་ཁོམས་པའི་གནས་སུ་སྐྱེ་བ་རྒྱུན་ཆད་པ་དང་། སོ་སོའི་སྐྱེ་བོའི་ས་ལས་འདས་པ་རྣམས་ནི་ས་འདིའི་ཡོན་ཏན་ཡིན་ཏེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། །ཞེས་པ་ནས། དེའི་ཚེ་འདི་ནི་སོ་སོ་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད། །ཅེས་པའི་བར་འདི་གསུངས་པའི་ཕྱིར། མི་ཁོམས་པར་སྐྱེ་བ་ནི་སྤྱིར་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་སྤངས་པ་ཡིན་ཏེ། ཐེ་ཚོམ་མི་དལ་ཟད་པ་དང་། །ཞེས་གསུངས་པའི་ཕྱིར། འདིར་ས་དང་པོའི་ཡོན་ཏན་དུ་བཤད་པ་ནི། ངན་སོང་དུ་སྐྱེ་བའི་རྒྱུ་ལས་ཉོན་རྩ་བ་ནས་སྤངས་པའི་ཡོན་ཏན་དེ་ས་དང་པོ་ནས་ཐོབ་པ་ལ་དགོངས་པར་སེམས་སོ། །གསུམ་པ་ནི། དེ་ལྟར་ས་དང་པོ་པས་མཐོང་སྤང་ཀུན་སྦྱོར་སྤངས་པ་སོགས་ཀྱི་ཡོན་ཏན་ཐོབ་ཚུལ་འདི་ནི་འཕགས་པ་བརྒྱད་པ་རྒྱུན་ཞུགས་འབྲས་གནས་ཀྱི་ཡོན་ཏན་ཐོབ་ཚུལ་དང་མཚུངས་པ་ཡིན་ཏེ། རྒྱུན་ཞུགས་འབྲས་གནས་དེས་ཀྱང་འབྲས་བུ་དང་པོ་ཐོབ་པ་དང་རྗེས་སུ་མཐུན་པའི་ཡོན་ཏན་མཐོང་སྤང་ཀུན་སྦྱོར་སྤངས་པ་དང་། འབྲས་བུ་གཉིས་པར་གནོན་པར་བྱེད་ཅིང་གསུམ་པ་སོགས་སུ་འགྲོ་བར་འགྱུར་བ་དང་། ངན་སོང་དུ་སྐྱེ་བ་ལེན་པ་སྤངས་པ་སོགས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཐོབ། དེ་བཞིན་དུ་ས་དང་པོ་པ་འདིས་ཀྱང་ས་དང་པོ་ཐོབ་པ་དང་རྗེས་སུ་མཐུན་པའི་སྤངས་རྟོགས་ཀྱི་ཡོན་ཏན་སྔར་བཤད་པ་དེ་དག་ཐོབ་འདུག་པའི་ཕྱིར། དེ་སྐད་དུ། འདི་ནི་འཕགས་པ་བརྒྱད་པ་ཇི་ལྟ་དེ་ལྟར་ཉེ་བར་བསྟན། །ཞེས་དང་། དེའི་རང་འགྲེལ་ལས། །མདོར་ན་འཕགས་པ་རྒྱུན་དུ་ཞུགས་པ་རང་དང་རྗེས་སུ་མཐུན་པའི་འཕགས་པའི་ཆོས་རྟོགས་པ་ལས་སྐྱོན་དང་བྲལ་ཞིང་ཡོན་ཏན་འབྱུང་བར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་འདི་ལ་ཡང་ས་རྟོགས་པ་ལས་རང་དང་འཚམས་པའི་ཡོན་ཏན་འབྱུང་བ་དང་། སྐྱོན་ཟད་པར་རྒྱུན་དུ་ཞུགས་པའི་དཔེའི་སྒོ་ནས་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །ཞེས་གསུངས་སོ། །འདི་ནི་ཉན་ཐོས་པ་དག་ཁྱད་གཞི་ས་དང་པོ་མེད་པས་དེའི་ཡོན་ཏན་ག་ལ་ཡོད་སྙམ་པའི་ལོག་རྟོག་བཟློག་པའི་ཕྱིར་ཉན་ཐོས་པ་རང་ལ་གྲགས་པའི་འབྲས་བུ་དང་པོ་དང་དཔེ་སྦྱར་ནས་ས་དང་པོའི་ཡོན་ཏན་བསྒྲུབ་པ་ཡིན་ཏེ། ཉན་ཐོས་ས་བརྒྱད་དང་དཔེ་སྦྱར་ནས་བྱང་སེམས་ཀྱི་ས་བཅུ་ཡོད་པར་སྒྲུབ་པ་བཞིན་ནོ། །འདིར་རྒྱུན་ཞུགས་འབྲས་གནས་ལ་འཕགས་པ་བརྒྱད་པར་འཇོག་པ་ནི། དགྲ་བཅོམ་ཞུགས་པ་ནས་ཡས་རིམ་བཞིན་བགྲངས་པའི་དབང་དུ་བྱས་པ་ཡིན་ཏེ། དགྲ་བཅོམ་ཞུགས་གནས། ཕྱིར་མི་འོང་ཞུགས་གནས། ཕྱིར་འོང་ཞུགས་གནས། རྒྱན་ཞུགས་ཞུགས་གནས་རྣམས་ལ་ཟུང་བཞི་ཡ་བརྒྱད་དུ་འཇོག་པའི་ཕྱིར། རྗེ་ཙོང་ཁ་པ་སོགས་རྒྱུན་ཞུགས་ཞུགས་པ་འདིའི་དངོས་བསྟན་གྱི་འཕགས་པ་བརྒྱད་པ་ཡིན་གསུངས་པ་མི་འཐད་དེ། འོ་ན་དེ་ཆོས་ཅན། རྒྱུན་ཞུགས་ཡིན་པར་ཐལ། འདིའི་དངོས་བསྟན་གྱི་འཕགས་པ་བརྒྱད་པ་ཡིན་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། འཕགས་པ་རྒྱུན་དུ་ཞུགས་པ་ཞེས་དང་། རྒྱུན་དུ་ཞུགས་པའི་དཔེའི་སྒོ་ནས་ཞེས་གསུངས་པ་དེ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྒྱུན་ཞུགས་མ་ཡིན་པར་ཐལ། རྒྱུན་ཞུགས་ཞུགས་པ་ཡིན་པའི་ཕྱིར། འདི་ལ་ཁྱབ་པ་མེད་གསུངས་ན་ཧ་ཅང་ཐལ་ལོ། །བཞི་པ་ཟིལ་གྱིས་གནོན་པའི་ཡོན་ཏན་ལ་དངོས་དང་། འཕྲོས་དོན་གཉིས། དང་པོ་ནི། ས་གཉིས་པ་སོགས་སུ་ས་དང་པོ་ལ་གནས་པས་ཀྱང་ཉན་རང་དགྲ་བཅོམ་བསོད་ནམས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པ་ཡིན་ཏེ། དོན་དམ་སེམས་བསྐྱེད་ཀྱི་སྟོབས་ཀྱིས་ཉན་རང་ཟིལ་གྱིས་གནོན་ནུས་པའི་ཕྱིར། བློ་གྲོས་ཀྱི་སྟོབས་ཀྱིས་ཉན་རང་ཟིལ་གྱིས་གནོན་མི་ནུས་ཏེ། ཉེར་ལེན་གྱི་ཕུང་པོ་རང་བཞིན་མེད་པར་རྟོགས་པའི་བློ་གྲོས་ཉན་རང་ལ་ཡང་ཡོད་པའི་ཕྱིར། ས་བདུན་པ་རིང་དུ་སོང་བ་ཐོབ་པ་ན་ཉན་རང་བློ་གྲོས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པ་ཡིན་ཏེ། རིང་དུ་སོང་བའི་ཚེ་བློ་གྲོས་ནར་སོན་པས་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པའི་ཕྱིར། དེ་སྐད་དུ། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི། སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱཻ་རྒྱལ་བའི་སྲས་དག དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་དང་། དེའི་དོན་འཇུག་པ་ལས། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང་། །ཐུབ་དབང་གསུང་སྐྱེས་དང་བཅས་རང་སངས་རྒྱས་རྣམས་ནི། །བསོད་ནམས་དག་གི་དབང་གིས་ཕམ་བྱས་རྣམ་པར་འཕེལ། །དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་གསུངས་སོ། །འོ་ན་བྱང་སེམས་ཚོགས་སྦྱོར་བས་ཉན་རང་ཟིལ་གྱིས་གནོན་མི་ནུས་སམ་ཞེ་ན། དོན་དམ་སེམས་བསྐྱེད་ཀྱི་སྟོབས་ཀྱིས་ཟིལ་གྱིས་མི་གནོན་ཡང་། ཀུན་རྫོབ་སེམས་བསྐྱེད་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པས་ན། དེ་དག་གིས་ཀྱང་ཉན་རང་བསོད་ནམས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་ཞེས་བྱ་སྟེ། རང་འགྲེལ་དུ། དཀོན་མཆོག་སྤྲིན་གྱི་མདོ་དྲངས་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་མིའི་མདོག་ལས་ནི་འདས་ལ། ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ཤིན་ཏུ་འདས་ལ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་མར་ངོའི་ཚེས་བཅུ་བཞིའི་ཟླ་བའི་དཔེས་མཚོན་པའི་བྱང་སེམས། ལྗོན་ཤིང་གི་ས་བོན་ས་འོག་ཏུ་བཅུག་ནས་མྱུ་གུ་མ་ཐོན་པའི་གནས་སྐབས་ཀྱི་དཔེས་མཚོན་པའི་བྱང་སེམས། མོས་སྤྱོད་ཀྱི་གནས་སྐབས་ཀྱི་བྱང་སེམས། ས་མ་ཐོབ་པའི་བྱང་སེམས་རྣམས་དོན་གཅིག དེ་བཞིན་དུ་ཡར་ངོའི་ཟླ་བ་ཚེས་པའི་དཔེས་མཚོན་པའི་བྱང་སེམས། ས་བོན་གྱི་ཤུན་པ་བཅད་ནས་མྱུ་གུ་སྐྱེས་པའི་གནས་སྐབས་ཀྱི་དཔེས་མཚོན་པའི་བྱང་སེམས། ནམ་མཁའ་ལྡིང་གི་ཕྲུ་གུ་སྒོ་ངའི་སྦུབས་ནས་ཕྱིར་འཐོན་པའི་གནས་སྐབས་ཀྱི་དཔེས་མཚོན་པའི་བྱང་སེམས། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་མའི་མངལ་ནས་ཕྱིར་བཙས་པའི་གནས་སྐབས་ཀྱི་དཔེས་མཚོན་པའི་བྱང་སེམས། ས་ཐོབ་པའི་གནས་སྐབས་ཀྱི་བྱང་སེམས། བྱང་སེམས་འཕགས་པ་རྣམས་དོན་གཅིག་པ་ཡིན་ཏེ། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་ཞེས་སོགས་སྔར་དྲངས་པ་དང་། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོར་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པ་ནི། ཞེས་པ་ནས། དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང་། ཞེས་སོགས་དཔེ་དོན་སྦྱར་ནས་རྒྱས་པར་གསུངས་པ་དང་། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །རིམ་གྱིས་རིམ་གྱིས་འཕེལ་བ་ལྟར། །དེ་བཞིན་ས་ལ་ཞུགས་རྣམས་ཀྱི། །ཆོས་ཀྱི་སྐུ་ཡང་འཕེལ་བར་སྣང་། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号