ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༢༤༣༽

དམ་བཅའ་ཉམས་སོ། །གཞན་ཡང་ཐལ་འགྱུར་སྔར་བཞིན་བརྗོད་ཅིང་། བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་གཏོང་མི་གཏོང་རྫས་འགལ་བའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ཡང་བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་བསླབ་པ་འཁྲུགས་པ་ཉིད་དོ། །ཞེས་གསུངས་ལ། དེའི་ཊཱི་ཀ་ལས། བསླབ་པ་འཁྲུགས་པ་ཉིད་དེ་མེད་པར་གྱུར་ཏོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་ཅིང་། ཊཱི་ཀ་ལས། འདིར་དགེ་སློབ་མའི་བསླབ་པ་འཁྲུགས་པ་ཉིད་ཡིན་གྱི། དགེ་ཚུལ་མའི་བསླབ་པ་ནི་འཁྲུགས་པ་མ་ཡིན་ཏེ་ཞེས་བཤད་དོ། །ཁྱབ་པ་མ་གྲུབ་པའམ་འདོད་ན་ཡང་སྔར་བཞིན་ནོ།་་་་་གཞན་ཡང་ཁྱེད་ལྟར་ན་དགེ་སློབ་མའི་བསླབ་པ་དེ་ཆོས་ཅན། རྟེན་མཚན་ལན་ཅིག་གྱུར་པས་བསླབ་པ་དེ་བཏང་བ་མ་ཡིན་པར་ཐལ། སྡོམ་པ་མཚན་ཉིད་པ་ཡིན་པའི་ཕྱིར། ཁྱབ་པ་མ་གྲུབ་ན་དང་པོ་གཉིས་ལ་ནི་མི་ཉམས་སོ་ཞེས་པ་དང་། དེའི་ཊཱི་ཀ་ལས་མཚན་གྱུར་པ་དང་པོ་གཉིས་ལ་ནི་སྡོམ་པ་ཉམས་པ་མེད་དོ་ཞེས་པ་དང་འགལ་ལོ། །འདོད་ན་དགེ་སློབ་མ་སྐྱེས་པར་གྱུར་པ་དེ་ཆོས་ཅན། དགེ་སློབ་ཕ་ཡིན་པར་ཐལ། དགེ་སློབ་མའི་བསླབ་པ་དེ་མ་བཏང་བར་ལྡན་པའི་སྐྱེས་པ་ཡིན་པའི་ཕྱིར། འདོད་ན་རང་གི་རྣམ་བཤད་ལས་དགེ་སློབ་མ་ཉིད་ཅེས་བྱ་བའི་ཚིག་འདིར་སྐྱེས་པ་དང་ཐུན་མོང་མ་ཡིན་ནོ་ཞེས་སོ། །མཛོད་འགྲེལ་ལས་ཀྱང་། དགེ་སློབ་མ་མཚན་གྱུར་ན་དགེ་ཚུལ་ཞེས་བྱའོ་ཞེས་གསུངས་སོ། །གཞན་ཡང་མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་སྡོམ་པ་མཚན་ཉིད་པའི་སྤང་བྱའི་གྲངས་གསུངས་པའི་སྐབས་སུ། དགེ་སློབ་མའི་སྤང་བྱའི་གྲངས་མ་གསུངས་པས་ཀྱང་། སྡོམ་པ་མཚན་ཉིད་པ་མ་ཡིན་པར་གྲུབ་བོ་ཞེས་གསུངས་སོ། །དེ་ལྟར་དགེ་སློབ་མའི་སྡོམ་པ་མཚན་ཉིད་པ་ལ་དགག་པ་མཛད་ནས། བླ་མ་རྣམས་ནི་འདུལ་བ་དང་མངོན་པ་ལས་དགེ་སློབ་མའི་སྡོམ་པ་ཞེས་གསུངས་ཀྱང་། སྡོམ་པ་བཏགས་པ་བ་སྟེ་བར་མའི་དགེ་བ་ཡིན་ཞེས་གསུངས་སོ། །འོ་ན་དགེ་སློབ་མའི་བསླབ་པ་མནོས་ནས་ལོ་གཉིས་ལོན་པ་ན་ཆོས་ཅན། བརྟུལ་ཞུགས་དེ་བཏང་བར་ཐལ། ཤུགས་ཆད་པའི་ཕྱིར་རོ། །ཁྱབ་པ་གཞུང་གིས་གྲུབ་སྟེ། མཛོད་ལས། བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་

༼༢༤༤༽

རྩ་བ་ཆད་པ་ལས་ཞེས་བཤད་པས་སོ། །འདོད་ན། ཊཱི་ཀ་ལས། ལོ་གཉིས་ལས་འདས་པ་ཡང་དེ་ཕྱིན་ཆད་བརྟུལ་ཞུགས་དེ་ཉམས་པར་ཡང་མི་འགྱུར་ལ། དེ་ཕྱིན་ཆད་མི་བསྲུང་བར་བྱ་བ་ཡང་མ་ཡིན་ནོ་ཞེས་རྒོལ་ན། ཁྱེད་རང་སྡོམ་པར་འདོད་པ་ལ་ཡང་མཚུངས་ཏེ། ཆོས་ཅན་སྔར་བཞིན། སྡོམ་པ་དེ་བཏང་བར་ཐལ། སྡོམ་པ་མནོས་པའི་འཕེན་པ་ཟད་པའི་ཕྱིར་རོ། །རྟགས་མ་གྲུབ་ན་དེར་ཡང་ངོ་།་་་་་ཤུགས་ཆད་པའི་རྟགས་མ་གྲུབ་བོ། །རྟགས་གྲུབ་སྟེ་ལོ་གཉིས་སུ་བླངས་པ་ལས་ལོ་གཉིས་འདས་པའི་ཕྱིར་རོ་ཞེས་ན་འདིར་ཡང་མཚུངས་སོ་ཞེས་་་་་་ཤ་ལུགས་པ་གསུང་ངོ་།་་་་་ལོ་གཉིས་སུ་སོལ་ན་ཞེས་ཆོ་ག་ལས་གསུངས་ཀྱང་ལོ་གཉིས་མཚོན་པ་ཙམ་སྟེ། དོན་ལ་ཇི་སྲིད་འཚོའི་བར་དུ་བླངས་པ་ཡིན་པས་འཕེན་པ་ཟད་པའི་རྟགས་མ་གྲུབ་བོ་ཞེ་ན། འདིར་ཡང་ཤུགས་ཆད་པའི་རྟགས་མ་གྲུབ་བོ། །གཉིས་པ་དེ་དག་་་་་་བར་མའི་དགེ་བར་བཤད་པ། དགག་པ་ནི་དགེ་སློབ་མའི་བསླབ་པ་དེ་ཆོས་ཅན། སྡོམ་པ་མཚན་ཉིད་པ་ལས་རྫས་ཐ་དད་པར་ཐལ། བར་མའི་དགེ་བ་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །འདོད་ན། མཛོད་འགྲེལ་ལས། དགེ་ཚུལ་གྱི་སྡོམ་པ་ལས་ཀྱང་དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ་ཞེས་བཤད་དོ། །གཉིས་པ་སྡོམ་པ་མཚན་ཉིད་པར་འདོད་པའི་ལུགས་བརྗོད་པ་ནི། སྔ་རབས་པ་ཁ་ཅིག་ན་རེ་དགེ་སློབ་མའི་སྡོམ་པ་འདི་སྡོམ་པ་མཚན་ཉིད་པ་ཡིན་ཏེ། མངོན་པ་་་་་་ཀུན་ལས་བཏུས་དང་མངོན་པར་མཛོད་ཀྱི་འགྲེལ་པ། ལས་་་་་་སོ་སོ་ཐར་པའི་སྡོམ་པ་དབྱེ་བའི་སྐབས་སུ། དགེ་སློབ་མའི་སྡོམ་པ་དང་ཞེས་གསུངས་ཤིང་། འདི་ཉིད་ལས། སྦྱིན་པ་ནི་བསླབ་པའི་སྡོམ་པ་ཞེས་བྱ་བས་སོ་ཞེས་གསུངས་པ་དང་། འདི་སྡོམ་པ་མ་ཡིན་ན། སོ་སོ་ཐར་པའི་སྡོམ་པ་རིགས་བརྒྱད་མི་ཚང་བའི་ཕྱིར་རོ་ཞེས་ཟེར་རོ། །རང་ཡང་སྡོམ་པ་མཚན་ཉིད་པ་འདོད་པ་རྣམས་ཀྱི་རྗེས་སུ་འབྲང་ངོ་། །དེ་ཡང་སྡོམ་པ་ཡིན་ལུགས་ནི། བྱས་ཆོས་སྡོམ་པ་དང་། བྱེད་ཆོས་བསླབ་བྱ་བཅུ་གཉིས་སུ་དབྱེ་བ་ནི། དང་པོ་བྱས་ཆོས་དགེ་སློབ་མའི་སྡོམ་པ་ནི་དགེ་ཚུལ་མས་སྤང་བྱ་བཅུ་སྤོང་བ་དེའི་སྟེང་དུ་བསླབ་བྱ་བཅུ་གཉིས་བསྣན་པའི་ཚེ་ན། སྔར་དགེ་ཚུལ་མས་ཐོབ་ཟིན་པ་དེའི་སྡོམ་པའི་རྒྱུན་རྩ་བ་བཞིའི་སྡོམ་པ་དེ་ཉིད་ལ་དགེ་སློབ་མའི་སྡོམ་པ་ཞེས་བྱ་སྟེ། མཛོད་འགྲེལ་ལས། དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་

༼༢༤༥༽

ནོ་ཞེས་བཤད་པས་གྲུབ་ཅིང་། འོད་ལྡན་ལས་ཀྱང་། དགེ་ཚུལ་ལ་སོགས་པ་དག་གི་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཞེས་གསུངས་པས། དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མའི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཡིན་ཞེས་དགོངས་སོ། །གཉིས་པ་བྱེད་ཆོས་དགེ་སློབ་མའི་བསླབ་བྱ་ནི། སྐབས་འདིར་བླངས་པའི་བསླབ་པ་བཅུ་གཉིས་པོ་དེ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་དག་གོ །དེ་ལྟར་ན་དགེ་སློབ་མའི་སྡོམ་པའི་གཙོ་འཁོར་ཐམས་ཅད་བགྲངས་ན་སྤོང་བ་བཞི་འཁོར་དང་བཅས་པ། སྤང་བྱ་ཉི་ཤུ་རྩ་གཉིས་སྤོང་བ་སྟེ། ཊཱི་ཀ་ལས། དགེ་སློབ་མས་བསླབ་པའི་གཞི་ཡང་དག་པར་བླངས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང་། ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་དག་གོ་ཞེས་སོ། །གསུམ་པ་རྩོད་པ་སྤང་བ་ནི་འོ་ན་དགེ་སློབ་མའི་སྡོམ་པ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད། རྫས་གཅིག་ན། བསླབ་པ་འཁྲུགས་པ་ཉིད་དོ་ཞེས་པའི་ཊཱི་ཀ་ལས། འདིར་དགེ་སློབ་མའི་བསླབ་པ་འཁྲུགས་པ་ཉིད་ཡིན་གྱི། དགེ་ཚུལ་མའི་བསླབ་པ་ནི་འཁྲུགས་པ་མ་ཡིན་ཏེ་ཞེས་བཤད་པ་དང་འགལ་ལོ། །རྫས་ཐ་དད་ན། མཛོད་འགྲེལ་ལས། དགེ་ཚུལ་གྱི་སྡོམ་པ་ལས་ཀྱང་དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ། །ཞེས་བཤད་པ་དང་འགལ་ཞེ་ན། དགེ་ཚུལ་གྱི་སྡོམ་པ་དང་དགེ་ཚུལ་མའི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཡིན་པར་རིགས་གཅིག་པའི་ཕྱིར་དང་།་་་་་དེ་ནི་དགེ་ཚུལ་དང་དགེ་སློབ་མ་དང་དགེ་ཚུལ་མ་སྟེ་རབ་བྱུང་བསྙེན་པར་མ་རྫོགས་པ་རྣམས་ཀྱི་སྡོམ་པའི་གཙོ་བོ་སྤོང་བ་བཞི་ཙམ་དུ་རིགས་གཅིག་ལས་གཞན་མ་ཡིན་ནོ་ཞེས་བསྟན་ཏེ། མཛོད་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྫས་བཅུར་བཤད་པ་བཞིན་ནོ། །ཁྱིམ་སོ་བཟུང་བ་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ་ཞེས་པ་འདི་ལ། མའི་རྣམ་འབྱེད་ལས་ཁྱིམ་སོ་བཟུང་བ་ཞེས་བྱ་བ་ནི་ཁྱིམ་གྱི་ཆོས་ལ་གནས་པའོ་ཞེས་བཤད་ཅིང་། འགྲེལ་ཆུང་ལས་ཀྱང་། བག་མ་བྱས་པ་ཉིད་ན་འཁྲིག་པའི་བདེ་བ་མྱོང་ཞིང་ཤེ་ཁྱེར་བའི་ཕྱིར་ཞེས་བཤད་དོ། །འོ་ན་སྐྱེས་པ་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ལ་དགེ་སློང་གི་སྡོམ་པ་སྐྱེའམ་མི་སྐྱེ་ཞེ་ན། འདི་ལ་གསུམ་ལས། དང་པོ་གཞན་

༼༢༤༦༽

ལུགས་དགག་པ་ནི། ཁ་ཅིག་ན་རེ་འདི་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་ཡིན་ཏེ། ཞུ་བ་ལས། དགེ་སློང་ལོ་ཉི་ཤུ་མ་ལགས་པ་ལ་མ་ལགས་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བགྱིས་ཀྱང་ནོངས་པ་ལྟུང་བར་མི་འགྱུར་ལ། ལེགས་པར་བསྙེན་པར་རྫོགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ་མི་ལ་སོང་བ་ནི་ལོ་ཉི་ཤུ་མ་ལོན་ཡང་བསྙེན་པར་རྫོགས་པར་བྱོས་ཤིག་ཅེས་ལུང་ལས་སྤྱིར་་་་་་མི་ལ་སོང་བ་ཞེས། གསུངས་པ་དང་། རིགས་པས་ཀྱང་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་བཞིན་དུ་སྐྱེས་པ་ལའང་རྒྱུ་མཚན་མཚུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མདོ་རྩ་འགྲེལ་དང་འགལ་ཏེ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་བསྙེན་རྫོགས་བྱར་རུང་བ་འདི་ཆོས་ཅན། བུད་མེད་བསྙེན་པར་རྫོགས་པར་བྱ་བའི་ཁྱད་པར་གྱི་ཆོས་མ་ཡིན་པར་ཐལ། སྐྱེས་པ་བསྙེན་པར་རྫོགས་པར་བྱ་བའི་ཡང་ཐུན་མོང་གི་ཆོས་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །འདོད་ན་ཁྱིམ་སོ་བཟུང་བ་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ་ཞེས་པ་འདིའི་ཊཱི་ཀ་ལས། བུད་མེད་བསྙེན་པར་རྫོགས་པའི་དུས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་རོ་ཞེས་སོ། །གནོད་བྱེད་གཞན་ཡང་། ཁྱིམ་སོ་བཟུང་བ་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ་ཞེས་པ་མདོ་རྩ་བའི་གཞུང་འདི་ཆོས་ཅན། སྐབས་འཆོལ་བའི་སྐྱོན་ཅན་ཡིན་པར་ཐལ། དགེ་སློང་ཕ་མ་གཉིས་ཀའི་ཐུན་མོང་གི་ཆོས་ཡིན་པ་ལ་དགེ་སློང་མའི་ཐུན་མོང་མིན་པའི་སྐབས་སུ་བསྟན་པའི་ཕྱིར་རོ། །རྟགས་ཟུར་སྔ་མ་ཁས་བླངས། ཟུར་ཕྱི་མ་གཞུང་གིས་གྲུབ་བོ། །འདོད་ན་མདོ་རྩ་བ་འཆོལ་སྐྱོན་མེད་པའི་བསྟན་བཅོས་རྣམ་དག་ཡིན་པ་དང་འགལ་ལོ། །ཁྱེད་ཀྱིས་སྒྲུབ་བྱེད་དུ་དྲངས་བ་ལུང་ཞུ་བ་ལས་གསུངས་པ་དེ་ནི་་་་་་སྡོམ་པ་འབོག་པར། དགེ་སློང་གིས་བུད་མེད་་་་་་སྡོམ་པ་ལེན་པ་པོ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་བསྙེན་རྫོགས་བྱས་པ་ལ་དགོངས་ཏེ། མི་ལ་སོང་བ་ཞེས་བག་མར་སོང་བའི་མིང་གི་རྣམ་གྲངས་ཀྱིས་གསུངས་པའི་ཕྱིར་རོ། །རིགས་པས་ཀྱང་རྒྱུ་མཚན་མཚུངས་པའི་ཕྱིར་ཟེར་བ་ནི་རྟགས་མ་གྲུབ་སྟེ། སྐྱེས་པ་དང་བུད་མེད་སྔོན་རབ་ཏུ་བྱུང་བ་ལ་སྡོམ་པ་སྐྱེ་བ་དང་མི་སྐྱེ་བ་བཞིན་ནོ། །གཉིས་པ་རང་ལུགས་བཞག་པ་ནི།

༼༢༤༧༽

བུད་མེད་ལོ་བཅུ་གཉིས་ལོན་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་འདི་ནི་སྐྱེས་པ་དང་ཐུན་མོང་མ་ཡིན་ཏེ། ཊཱི་ཀ་ལས་བུད་མེད་བསྙེན་པར་རྫོགས་པར་བྱ་བའི་དུས་ཀྱིས་བྱེ་བྲག་བསྟན་པའི་ཕྱིར་ཞེས་གསུངས་པ་དང་། མདོ་རྩ་བ་ལས། དགེ་སློང་མའི་ཐུན་མོང་མ་ཡིན་པའི་སྐབས་སུ་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ཁོ་ན་ལོན་པས་བསྙེན་རྫོགས་བྱེད་པ་ན། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ཉིད་ན་སྡོམ་པ་ནོད་པ་པོ་མཚན་གྱུར་པ་ཆོས་ཅན། སྡོམ་པ་ནོད་པ་པོ་དེ་ལ་དགེ་སློང་ཕའི་སྡོམ་པ་སྐྱེ་བ་ཁེགས་པར་ཐལ། སྡོམ་པ་ནོད་པ་པོ་ལོ་བཅུ་གཉིས་ཁོ་ན་ལོན་པ་ཉིད་ཡིན་པའི་ཕྱིར་རོ། །འདོད་ན་ཊཱི་ཀ་ལས། སྐྱེ་བ་ལ་མངོན་དུ་གྱུར་པ་ནི་སྐྱེ་བའི་ཚེ་ཉིད་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ནི་སྐྱེ་བའི་ཕྱིར་གང་གིས་ཀྱང་གེགས་བྱ་བ་མི་ནུས་པས། ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཁྱེད་ཀྱིས་བཀོད་པའི་ཆོས་ཅན་མ་གྲུབ་སྟེ། དེ་ཡང་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ཁོ་ན་ལོན་པས་བསྙེན་རྫོགས་བྱེད་པ་ན་སྡོམ་པ་ནོད་པ་པོ་སྐྱེས་པར་གྱུར་པ་དེ་ཆོས་ཅན། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་ཡིན་མི་སྲིད་དུ་ཐལ། དགེ་སློང་མའི་སྡོམ་པ་མི་སྐྱེ་ཞིང་དགེ་སློང་ཕའི་སྡོམ་པ་ཡང་མི་སྐྱེ་བའི་ཕྱིར་རོ། །དེ་ཡང་རྟེན་སྐྱེས་པ་ཡིན་པའི་ཕྱིར་དང་། རྟེན་དགེ་སློང་ཕའི་སྡོམ་པ་སྐྱེ་བའི་ཞིང་མ་ཡིན་པའི་ཕྱིར་ཞེས་གོ་རིམ་བཞིན་ནོ། །འདོད་ན་ནི་ཁྱེད་ཀྱིས་བཀོད་པའི་ཆོས་ཅན་དེ་གྲུབ་པར་འདོད་པ་ཉམས་སོ། །རྩོད་པ་གཞན་ཡང་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པའི་དགེ་སློང་མ་དེ་སྐྱེས་པར་མཚན་གྱུར་པ་དེ་ཆོས་ཅན། རང་རྒྱུད་ལ་དགེ་སློང་ཕའི་སྡོམ་པ་ཡོད་པ་ཁེགས་པར་ཐལ། རང་ཉིད་དགེ་སློང་ཕའི་སྡོམ་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་རོ། །རྟགས་མ་གྲུབ་ན་དམ་བཅའ་ཉམས་ལ། འདོད་ན་དང་པོ་ཉིད་ལ་ནི་མི་ཉམས་སོ་ཞེས་པ་དང་། ཊཱི་ཀ་ལས། མཚན་གྱུར་པ་དང་པོ་གཉིས་ལ་ནི་སྡོམ་པ་ཉམས་པ་མེད་དོ་ཞེས་པ་དང་འགལ་ལོ། །ཞེ་ན། སྐབས་འདིར་མཚན་གྱུར་པའི་རང་སྟོབས་ཀྱིས་སྡོམ་པ་མེད་པར་གྱུར་པ་མ་ཡིན་གྱི་མཚན་གྱུར་པ་ན་ལོ་བཅུ་གཉིས་ལོན་པ་དེ་དགེ་

༼༢༤༨༽

སློང་ཕའི་སྡོམ་པའི་ཞིང་མ་ཡིན་པར་གྱུར་པའི་སྟོབས་ཀྱིས་དགེ་སློང་ཕའི་སྡོམ་པ་མེད་པར་གྱུར་པའོ་ཞེས་རིགས་སོ། །རྒྱུད་སྣོད་དུ་རུང་བའི་ཁྱད་པར་ནི། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། ཚངས་སྤྱོད་ཉེར་གནས་མ་བྱས་པར་་་་་་དགེ་སློང་མའི་སྡོམ་པ་འབོགས་པའི་ཉེས་པ་ཁེགས་པ་དང་དགེ་སློང་མའི་སྡོམ་པའི་སྣོད་དུ་རུང་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་བླང་བ་ནི། མཁན་མོ་དང་གསང་སྟེ་སྟོན་མ་དང་ལས་བྱེད་པ་མོ་དང་བཅས་པའི་དགེ་འདུན་མ་ལས་བླང་སྟེ། དགེ་འདུན་མ་དེ་ཡང་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང་། མཐའ་འཁོབ་ཏུ་བཅུ་གཉིས་མེད་ན་དགེ་སློང་མ་དྲུག་གི་གྲངས་ཚང་བའོ། །གྲངས་དེ་དག་མ་ཚང་ཡང་དགེ་སློང་མ་བཞིའི་ཚོགས་ཀྱིས་བྱིན་ན་ཚངས་སྤྱོད་ཉེར་གནས་ཆགས་ལ་ཉེས་བྱས་ཏེ། བཞིའི་ཚོགས་ཀྱིས་བསྙེན་རྫོགས་ཆགས་ལ་ཉེས་བྱས་སུ་གསུངས་པའི་གནད་ཀྱིས་ཤེས་སོ། །དགེ་སློང་མ་དེ་དག་མ་རྙེད་ན་དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་ཚངས་སྤྱོད་ཉེར་གནས་སྦྱིན་དུ་རུང་སྟེ། དབྱར་གྱི་གཞི་ལས་དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་ཞེས་པ་དང་། དེའི་ཊཱི་ཀ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མནོས་པ་དེ་སྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་བྱིན་གྱིས་བརླབ་བོ་ཞེས་བཤད་དོ། །གཉིས་པ་རྟེན་གང་གིས་བླང་བ་ནི། ལུས་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། ཆ་ལུགས་ཕུན་སུམ་ཚོགས་པ་དང་། ཚིགས་སྔ་མ་སྔོན་དུ་སོང་བའོ། །དེའང་གཞན་རྣམས་དགེ་སློབ་མའི་སྐབས་སུ་སྔར་བཤད་པ་དང་འདྲ་ཞིང་། འདིར་ན་ཚོད་ཀྱི་ཁྱད་པར་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དང་། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ཡན་ཆད་དོ། །ཆ་ལུགས་ཀྱི་ཁྱད་པར་ཆོས་གོས་དག་ནི་ལྔ་ཉིད་དོ། །ཚིགས་སྔ་མ་སྔོན་དུ་སོང་བ་ནི་དགེ་སློབ་མ་ཡན་ཆད་སྔོན་དུ་སོང་བའོ། །གསུམ་པ་དངོས་པོ་གང་བླང་བ་ནི། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པའོ། །དེའང་སྡོམ་པ་བཏགས་པ་བ་སྟེ། འདི་ལ་ཁྱད་པར་གྱིས་སྲུང་བྱ་ནི་གཞུང་གང་ལས་ཀྱང་མ་

༼༢༤༩༽

གསུངས་སོ། །བཞི་པ་ཆོ་ག་གང་གིས་བླང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བའི་ཆོ་ག་ནི་རྒྱས་པར་ཀརྨ་ཤ་ཏཾ་ལས་ཤེས་པར་བྱའོ། །དངོས་གཞིའི་ཆོ་ག་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ཡན་ལག་གི་དོན་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་་་་་་དགེ་སློང་མའི་སྡོམ་པ་སྐྱེ་བར། མི་འགྱུར་ཞེས་བརྗོད་་་་་་པ་དང་འགྲེལ་ཆུང་ལས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་ཆོ་ག་འདི་མ་བྱས་པར་བསྙེན་པར་རྫོགས་པར་བྱས་ཀྱང་ཁྲིམས་མི་ཆགས་ཞེས། པ་ན། འོ་ན་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་གཏན་ནས་མ་བྱས་པར་སྡོམ་པ་མནོས་པ་ཆོས་ཅན། དགེ་སློང་མའི་སྡོམ་པ་སྐྱེ་བ་ཁེགས་པར་ཐལ། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པའི་ཕྱིར་རོ། །རྟགས་མ་གྲུབ་ན་དེའི་ཆོ་ག་གཏན་ནས་མ་བྱས་པ་དང་འགལ་ལོ། །འདོད་ན་དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་མ་ཡིན་ནོ། །ཞེས་སྐྱེས་པ་བསྙེན་པར་རྫོགས་པར་བྱེད་པའི་ཆོ་གས་བུད་མེད་བསྙེན་པར་རྫོགས་པར་བྱེད་ན། དགེ་སློང་མའི་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ལོ།་་་་་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་གཏན་ནས་མ་བྱས་པའི་བྱེ་བྲག་དགེ་སློང་གི་སྡོམ་པ་ལེན་བཞིན་པ་བསྙེན་པར་རྫོགས་གར་མཚན་གྱུར་པ་དེ་ཆོས་ཅན། དགེ་སློང་མའི་སྡོམ་པ་སྐྱེ་བ་ཁེགས་པར་ཐལ། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པའི་ཕྱིར་རོ། །འདོད་ན་ནི། ལུང་ཞུ་བ་ལས།་་་་་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་གཏན་ནས་མ་བྱས་ཀྱང་དགེ་ཚུལ་བསྙེན་པར་རྫོགས་པར་བྱེད་པའི་སྐབས་སུ། བཙུན་པ་བསྙེན་པར་རྫོགས་ཀར་མཚན་འཕོས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། དགེ་སློང་མའི་ནང་དུ་སྤོས་ཤིག་ཅེས་གསུངས་པ་དང་ཡང་འགལ་ལོ། །གཞན་ཡང་ཚངས་སྤྱོད་ཉེར་གནས་མ་ཐོབ་པར་ཕུན་སུམ་ཚོགས་པ་ཉེས་མེད་དུ་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་དེ། ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླང་པས་བསྙེན་པར་རྫོགས་པའོ།་་་་་།སྐབས་འདིར་བླ་མ་རྣམས་ནི་ཚངས་སྤྱོད་ཉེར་གནས་མ་ཐོབ་པར་ཉེས་མེད་དུ་བསྙེན་པར་རྫོགས་པ་དགེ་སློང་མའི་སྡོམ་པ་མི་སྐྱེའོ། །ཞེས་གསུང་ངོ་། །འོ་ན་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་གཏན་ནས་མ་བྱས་པར་སྡོམ་པ་མནོས་པ་ཆོས་ཅན། ཉེས་མེད་དུ་བསྙེན་པར་རྫོགས་པ་དགེ་

༼༢༥༠༽

སློང་མའི་སྡོམ་པ་སྐྱེ་བ་ཡོད་པ་མ་ཡིན་པར་ཐལ། ཉེས་མེད་དུ་བསྙེན་པར་རྫོགས་པའི་སྡོམ་པ་མི་སྐྱེ་བ་ཉིད་ཡིན་པའི་ཕྱིར་རོ། །འདོད་ན་ལུང་ཕྲན་ཚེགས་ལས་སྐྱེ་དགུའི་བདག་མོ་ཆེན་མོས་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་ན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོར་གནང་ཞེས་པ་ཉེས་མེད་དུ་བསྙེན་པར་རྫོགས་པར་གསུངས་སོ། །ཉེས་པ་བསྐྱེད་ན་ནི་ལུང་ལས་གནང་ཞེས་གསུངས་པ་དང་འགལ་ལོ། །དེས་ན་ད་ལྟར་གྱི་ཆོ་གའི་སྐབས་སུ་དགེ་སློང་མའི་སྡོམ་པ་ལེན་པ་དེས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་ཕུན་སུམ་ཚོགས་པ་ཉེས་མེད་དུ་བསྙེན་པར་རྫོགས་པ་དགེ་སློང་མའི་སྡོམ་པ་སྐྱེ་བར་མི་འགྱུར་རོ་ཞེས་བསྟན་ཏོ། །དགེ་སློང་མའི་ཆོས་གོས་དག་ནི་ལྔ་སྟེ། སྣམ་སྦྱར་བླ་གོས་མཐང་གོས་དང་གསུམ། ཤིང་ང་དཔུང་ཆད་རྡུལ་གཟན་ཏེ་ལྔ་ཉིད་དོ། །ཆོས་གོས་དེ་གཉིས་དགོས་པའི་རྒྱུ་མཚན་ནི། དགེ་སློང་མ་རྣམས་ཀྱི་བྲང་གི་མདུན་ཕྱོགས་མི་མཛེས་པ་སྦ་བར་འོས་པའི་ཕྱིར་རོ། །གོས་དེ་གཉིས་གྱོན་ལུགས་ནི་མཆན་འོག་ལ་དཀྲིས་ཏེ་རྒྱབ་ནས་དཔུང་པ་གཉིས་ཀྱི་གོང་ནས་དྲངས་ནས་དར་དཔྱངས་ཀྱི་ཚུལ་དུ་གྱོན་པའོ། །གོས་དེ་གཉིས་ཀྱི་ཚད་ནི་བླ་གོས་དང་ཚད་མཉམ་པ་སྟེ་མའི་རྣམ་འབྱེད་ལས།་་་་་བླ་གོས་ཀྱི་ཚད་ཆེ་འབྲིང་ཆུང་གསུམ་སྟེ་རྣམ་པ་གསུམ་གསུངས་ནས། དེ་བཞིན་དུ་རྡུལ་གཟན་དང་ཤིང་ང་དཔུང་ཆད་ཚད་ལ་ཡང་རྣམ་པ་གསུམ་མོ་ཞེས། ཟླ་འཇོག་གི་སྐབས་ནས་བཤད་དོ།་་་་་བླ་མ་རྣམས་ཀྱིས་རྡུལ་གཟན་གྱི་ཚད་འཁོར་གསུམ་ཁེབས་པའོ་གསུང་ཡང་དེ་ལ་གཞུང་མེད་དོ། །དགེ་སློང་མ་ལ་གནས་རྣམ་པ་གསུམ་བརྗོད་དེ། གནས་བཞི་པོ་རྣམས་ལས་ཤིང་དྲུང་ཉིད་མ་གཏོགས་ཏེ། བསླབ་པ་བསྲུང་བ་རང་དབང་ཅན་མ་ཡིན་པས་དགེ་སློང་མ་ཤིང་དྲུང་དུ་སྡོད་པ་བཀག་པའི་ཕྱིར་རོ། །ལྟུང་བྱེད་དང་ཉེས་བྱས་ཡིན་ཡང་མགུ་བ་ཟླ་བ་ཕྱེད་སྤྱོད་དགོས་པས་ཆད་པ་ལྕི་བ་སྟེ་མཚན་ཉིད་འཛིན་པའི་ཆོས་བརྒྱད་པོ་རྣམས་བརྗོད་པར་བྱའོ། །དེ་ཡང་དགེ་སློང་གང་ཟག་ལ་བརྟེན་པ་གསུམ་ནི། དགེ་སློང་མས་དགེ་སློང་ལ་ཉེས་པ་གླེང་དྲན་མི་བྱ་བ་དང་དགེ་སློང་མས་དགེ་སློང་ལ་སྤྱོ་བར་མི་་་་་་ཞེས་ཊཱི་ཀ་ལས་སོ། །ཀརྨ་ཤ་ཏཾ་ལས་གཤེ་བ་དང་ཁྲོ་བ་དང་སྤྱོ་བ་བཀག་ཅེས་སོ། །ལུང་ཕྲན་ཚེགས་ལས་ཚིག་ངན་པར་སྨྲ་བ་དང་ཁྲོ་བ་དང་སྡིགས་པ་རྣམས་མི་གནང་སྟེ་ཞེས་ནན་ཏུར་བྱེད་པ་བཀག་པའོ། །བྱ་བ་དང་། དགེ་སློང་མས་དགེ་སློང་གསར་བུ་ལ་ཡང་ཕྱག་བྱ་དགོས་པ་ལས་མ་བྱས་པའོ། །དགེ་སློང་

༼༢༥༡༽

གི་དགེ་འདུན་ལ་བརྟེན་པ་གསུམ་ནི། དགེ་སློང་ཕའི་དགེ་འདུན་མེད་པར་བསྙེན་པར་རྫོགས་པར་བྱེད་པ་དང་། ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལ་གདམས་ངག་མི་ནོད་པ་དང་། དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པ་འདི་ནི་འགྲེལ་ཆུང་ལས་དགེ་སློང་གི་གཙུག་ལག་ཁང་ནས་བར་རྒྱང་གྲགས་ཕྱེད་ལས་མི་རིང་བ་ཞིག་ཏུ་ཚུལ་དུ་ཞུགས་ན་ལྟུང་བའོ་ཞེས་བཤད་དོ། །རྒྱང་གྲགས་གཅིག་ལས་རིང་བ་ཞིག་ཏུ་ཞེས་བླ་མ་རྣམས་གསུང་ངོ་། །དེ་གཉིས་ནི་མི་རིགས་ཏེ། ཕན་ཚུན་བསླབ་པ་ལ་གནོད་ཅིང་མི་མཛེས་པའི་ཕྱིར་རོ། །འོ་ན་གང་ཞེ་ན།་་་་་མཚམས་པོ་ཆེ་བཅད་ན་དཔག་ཚད་ཕྱེད་དང་གསུམ་གྱི་ནང་ཁོངས་དང་མཚམས་མ་བཅད་ན་དཔག་ཚད་གཅིག་གི་ནང་ཁོངས་ན་དགེ་འདུན་དུ་ལོངས་པའི་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པའོ།་་་་་ཕྲན་ཚེགས་འགྲེལ་ལས་མཚམས་པོ་ཆེས་བསྐོར་བའི་མཚམས་ནང་དུ་ཚུལ་དུ་ཞུགས་པར་གྱུར་པ་དེའི་ཚེ་དགེ་སློང་གི་གནས་དང་བཅས་པར་མཚམས་གཅིག་གི་ཁོངས་སུ་གཏོགས་པའི་ཕྱིར་དགེ་སློང་མའི་དབྱར་ཁང་ནི་དགེ་སློང་དང་བཅས་པའི་གནས་ཉིད་ཡིན་ནོ། །གལ་ཏེ་མཚམས་ཀྱིས་བསྐོར་བ་མ་བྱས་སུ་ཟིན་ཀྱང་དཔག་ཚད་གཅིག་གི་ནང་དུ་དགེ་སློང་གི་གཙུག་ལག་ཁང་ཡོད་ན་དགེ་སློང་མའི་དབྱར་ཁང་ནི་དགེ་སློང་དང་བཅས་པ་ཉིད་དུ་བལྟ་བར་བྱའོ་ཞེས་གསུངས་སོ། །གཉིས་ཀའི་དགེ་འདུན་ལ་བརྟེན་པ་གཉིས་ནི། གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པར་བྱ་བ་དང་། གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་བ་སྟེ། དེ་རྣམས་ལས་འདས་ན། གདམས་ངག་མི་མནོས་པ་དང་། དབྱར་གནས་ཁས་ལེན་པ་དང་། དགག་དབྱེ་མི་བྱེད་པ་དང་གསུམ་ལ་ལྟུང་བྱེད་བསྐྱེད་ཅིང་གཞན་ལྔ་ལ་ནི་ཉེས་བྱས་སོ། །མཚན་གཉིས་པའོ་ཞེས་པ་ལུས་གཅིག་ལ་ཕོ་མོའི་མཚན་གཉིས་ཀ་ཡོད་ཀྱང་། ལུང་ལྔ་ཚན་པ་ལས། མ་ནིང་མོ་ཞེས་གསུངས་ཏེ། སྐད་དང་ཕྱི་བྱེད་བུད་མེད་འདྲ་བའི་ཕྱིར་རོ། །སྐྱེས་ནས་མ་ནིང་དང་ཞེས་གོང་དུ་བསྟན་པ་སྟེ། ལུས་གཅིག་ལ་ཕོ་མོ་གཉིས་ཀའི་མཚན་ཡོད་ཀྱང་། ལུང་ལྔ་ཚན་པ་ལས་མ་ནིང་ཕོ་ཞེས་གསུངས་ཏེ། སྐད་དང་ཕྱི་བྱེད་སྐྱེས་པ་འདྲ་བའི་ཕྱིར་རོ། །ཟླ་མཚན་མི་ཟག་པའོ་ཞེས་པ་འགྲེལ་ཆུང་ལས། ཟླ་མཚན་གྱི་ཁྲག་ཡོང་མི་ཟག་པ་སྟེ་ལོ་བཅུ་གཉིས་མན་ཆད་ལ་མི་ཟག་པ་དང་ལྔ་བཅུ་ཡན་ཆད་ལ་ཁྲག་མི་ཟག་པ་ནི་

༼༢༥༢༽

མ་གཏོགས་ཏེ་ཞེས་སོ། །སྨན་དཔྱད་ཡན་ལག་བརྒྱད་པ་ལས་ཀྱང་། བུད་མེད་ཟླ་བ་རེ་རེ་ཁྲག །དྭངས་མ་ལས་བྱུང་ཞག་གསུམ་འཛག །ལོ་ནི་བཅུ་གཉིས་ཡན་ཆད་ནས། །ལྔ་བཅུ་བར་འཛག་དེ་ནས་ཟད། །ཅེས་བཤད་དོ། །སྔོན་རབ་ཏུ་བྱུང་བ་ལས་ཕྱིས་བསླབ་པ་ཕུལ་བའོ་ཞེས་ཊཱི་ཀ་ལས་སོ།་་་་་དགེ་སློང་མ་དགེ་ཚུལ་མར་བབས་པ་ན་འདིར་མི་འགྱུར་རོ། །སྐྱེས་པ་ལ་ནི་བར་ཆད་འདི་མེད་དེ། གཞི་འགྲེལ་ལས། སྐྱེས་པ་ལ་ནི་ལན་བདུན་རབ་ཏུ་འབྱུང་བ་གནང་བའི་ཕྱིར་ཞེས་བཤད་དོ།་་་་་སྐྱེས་པ་ལན་བརྒྱད་བབས་ནས་སྡོམ་པ་བླངས་ཀྱང་མི་སྐྱེ་ན་སྐྱེ་བའི་བར་ཆད་འདི་ནི་བར་ཆད་གང་དུ་གཏོགས་དཔྱད་དགོས་སོ། །འོ་ན་ཐུན་མོང་མ་ཡིན་པའི་བར་ཆད་དྲུག་པོ་འདི་རྣམས་གསང་སྟེ་སྟོན་མས་ལྐོག་ཏུ་དང་ལས་བྱེད་པ་མོས་དགེ་འདུན་མའི་དབུས་སུ་དྲི་དགོས་མོད་ཀྱི། དགེ་སློང་ལས་བྱེད་པས་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བར་ཆད་འདྲི་བའི་སྐབས་སུ་བར་ཆད་དྲུག་པོ་དེ་རྣམས་འདྲི་དགོས་སམ་མི་དགོས་ཞེ་ན། དགེ་སློང་མའི་ཆོ་གའི་སྐབས་ཀྱི་ལུང་ཕྲན་ཚེགས་དང་། ཀརྨ་ཤ་ཏཾ་ལས། མཚན་་་་་་དགེ་སློང་ལས་བྱེད་པས་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བར་ཆད་འདྲི་བའི་སྐབས་ནས། གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཟླ་མཚན་འཛག་པ་མ་ཡིན་ནམ། ཞེས་དྲི་བར་གསུངས་སོ། །འོ་ན་ལུང་ཕྲན་ཚེགས་ལས། དགེ་སློང་དག་གིས་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ཐུན་མོང་མ་ཡིན་པའི་ཆོས་རྣམས་དྲིས་པ་ན། དེ་ངོ་ཚ་ནས་གདོང་སྨད་དེ་འདུག་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཀའ་སྩལ་པ། དགེ་སློང་གིས་ཐུན་མོང་མ་ཡིན་པའི་བར་ཆད་རྣམས་དྲི་བར་མི་བྱའོ། །དྲིས་ན་འདས་པ་དང་བཅས་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དྲི་བ་སྔར་བཅས། མི་དྲི་བ་རྗེས་བཅས་ཏེ་ད་ལྟ་རྗེས་བཅས་ཀྱི་རྗེས་སུ་འབྲང་ངོ་ཞེས་ཤེས་པར་བྱའོ། །ཕྲན་ཚེགས་ལ་སོགས་པའི་སྐབས་ཀྱི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་ཞུ་བས་བརྗོད་པ་འཆད་དེ། མི་མ་ཡིན་པའི་འགྲོ་བ་པོ་ཆོས་ཅན། སོ་སོ་ཐར་པའི་སྡོམ་པ་མི་སྐྱེ་སྟེ། སོ་སོ་ཐར་པའི་སྡོམ་པའི་ཞིང་ཉིད་མ་ཡིན་པའི་ཕྱིར་རོ། །འོ་ན་ལུང་གཞི་ལས། ཀླུ་གཞོན་ནུ་ཙམ་པ་སྐྱེས་ཚེས་བརྒྱད་དང་བཅུ་བཞི་ལ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་གནས་ཞེས་གསུངས་པ་དང་། མཛོད་འགྲེལ་དུ་ཉན་

༼༢༥༣༽

ཐོས་ཀྱི་མདོ་དྲངས་པ་ལས་ཀྱང་། དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་གནས་ནས་བྱུང་ནས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་སོ་ཞེས་གསུངས་པ་དང་འགལ་སྙམ་ན། མཛོད་འགྲེལ་ལས། དེ་ནི་ལེགས་པར་སྤྱད་པ་ཙམ་ཡིན་གྱི་སྡོམ་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །ལྷ་ཆོས་ཅན། མི་མ་ཡིན་པའི་འགྲོ་བ་ཡིན་པའི་ཕྱིར། སྡོམ་པའི་ཞིང་ཉིད་མ་ཡིན་པར་ཐལ་པ་ལས་འདོད་ན། མཛོད་འགྲེལ་ལས། བསམ་གཏན་གྱི་སྡོམ་པ་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ཡང་ཡོད་ཅེས་བཤད་ཅིང་། འོད་ལྡན་ལས་ཀྱང་། མི་མ་ཡིན་པ་རྣམས་ལ་ཡང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཉིས་གནས་ཤིང་ཞེས་ལྷ་རྣམས་ལ་སྡོམ་པ་དེ་གཉིས་ཡོད་པར་གསུངས་སོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ་མི་མ་ཡིན་པའི་འགྲོ་བ་རྣམས་ནི་སོ་སོ་ཐར་བའི་སྡོམ་པའི་ཞིང་ཉིད་མ་ཡིན་གྱི། སྡོམ་པ་གཞན་གཉིས་ཀྱི་ཞིང་ནི་ལྷ་རྣམས་ཀྱང་ཡིན་ནོ། །བྱང་གི་ཞེས་པ་ཞུ་འགྲེལ་ལས། བྱང་གི་སྒྲ་མི་སྙན་ནི་རི་རབ་ལ་ལྟོས་ནས་བྱང་ཡིན་པའི་ཕྱིར་ཞེས་བཤད་་་་་་ཅིང་དོན་དེ་ལྟར་མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས་ཀྱང་བཤད། དོ། །དེ་མི་འཐད་དེ། རི་རབ་ལྷུན་པོ་ནི་སྒྲ་མི་སྙན་ལ་སོགས་པ་གླིང་བཞི་ཆར་གྱི་བྱང་ན་གནས་པའི་ཕྱིར་རོ་ཞེས་གསུང་ངོ་།་་་་་འདིའི་ཁུངས་ནི་གདགས་པ་ལས། གླིང་བཞིའི་ཤར་ནུབ་ལ་སོགས་པ་ནི་ཉི་མ་འཆར་ཚུལ་ལ་ལྟོས་ཏེ་བརྩི་བར་གསུངས་པ་དེ་ཡིན་ནོ། །དེས་ན་འདི་ནི་འཛམ་བུའི་གླིང་ལ་ལྟོས་ནས་བྱང་ཡིན་ཏེ། རྣམ་འབྱེད་འགྲེལ་ལས། བྱང་གི་སྒྲ་མི་སྙན་ནི་འདི་ནས་བྱང་ཕྱོགས་ཡིན་པའི་ཕྱིར་ཞེས་སོ། །སྒྲ་མི་སྙན་ཞེས་པའི་རྒྱུ་མཚན་ནི། ཞུ་འགྲེལ་ལས། མི་སྒྲ་མི་སྙན་པ་་་་་་སྐད་ཀྱི་སྒྲ་མི་སྙན་པ། དག་གནས་པའི་ཕྱིར་རོ། །ཞེས་སོ། །བྱང་གི་་་་་་འཛམ་བུ་གླིང་པའི་དགེ་སློང་རྫུ་འཕྲུལ་གྱིས་སོང་སྟེ་བྱང་གི་སྒྲ་མི་སྙན་ན་གནས་པ་ནི་སྡོམ་པའི་ཞིང་ཉིད་ཡིན་ཡང་། སྒྲ་མི་སྙན་དུ་སྐྱེས་པའི་མི་ཆོས་ཅན། སྡོམ་པ་གསུམ་གའི་ཞིང་ཉིད་མ་ཡིན་ཏེ། མཛོད་འགྲེལ་ལས། ཡང་དག་པར་ལེན་པ་མེད་པ་དང་བསམ་གཏན་དང་ཏིང་ངེ་འཛིན་མེད་པའི་ཕྱིར་ཞེས་བཤད་དོ། །སྡོམ་པའི་ཞིང་མ་ཡིན་པའི་རྒྱུ་མཚན་གཞན་ཡང་སྡོམ་པའི་སྤང་བྱ་མ་ཚང་བའི་ཕྱིར་ཏེ། བྱང་གི་སྒྲ་

༼༢༥༤༽

མི་སྙན་པ་རྣམས་ནི་ངག་འཁྱལ་མ་གཏོགས་པ་ལུས་ངག་གི་མི་དགེ་བ་བདུན་པོ་རང་བཞིན་གྱིས་མི་སྤྱོད་པའི་ཕྱིར་རོ།་་་་་དེ་ལྟར་མངོན་པ་ལས་གསུངས་སོ། །དེ་ན་ངག་འཁྱལ་ཡོད་དེ། སེམས་ཉོན་མོང་པ་ཅན་གྱི་དབང་དུ་གྱུར་ནས་གླུ་ལེན་པའི་ཕྱིར་རོ། །དེས་ན་མཛོད་ཀྱི་འགྲེལ་བཤད་ལས། བྱང་གི་སྒྲ་མི་སྙན་པ་ནི་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་ཞེས་གསུངས་ཏེ། ཚུལ་ཁྲིམས་བཏགས་པ་བ་ཙམ་མོ།་་་་་དེ་ནི་སྲོག་གཅོད་པ་ལ་སོགས་པ་རྣམས་རང་བཞིན་གྱིས་མི་བྱེད་པ་ཙམ་ལ་ཚུལ་ཁྲིམས་ཞེས་བཏགས་པར་ཟད་དེ། དེ་རྣམས་རང་བཞིན་གྱིས་མི་བྱེད་པ་ཙམ་གྱིས་ཚུལ་ཁྲིམས་རང་མཚན་པར་འགྱུར་ན་ནི་དམྱལ་བ་ལའང་ཚུལ་ཁྲིམས་ཡོད་པར་ཐལ་བར་འགྱུར་རོ། །སྒྲ་མི་སྙན་པ་འདིས་ནི་དེའི་གླིང་ཕྲན་དུ་སྐྱེས་པ་ཡང་སྡོམ་པའི་ཞིང་མ་ཡིན་ཞེས་མཚོན་ཏོ། །མཚན་ལན་གསུམ་གྱུར་ན། སྡོམ་པ་སྐྱེ་བའི་ཞིང་མ་ཡིན་པའི་གཞུང་ནི། རང་གི་རྣམ་བཤད་ལས། མཚན་ལན་གསུམ་གྱུར་པ་དེ་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ་ཞེས་པ་དང་། ཊཱི་ཀ་ལས། མཚན་གྱུར་པ་ལན་གྲངས་གསུམ་པོ་དེ་ལ་ཡང་སྡོམ་པའི་ཞིང་ཉིད་མེད་དེ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །མཚན་ལན་གསུམ་གྱུར་ན། སྡོམ་པ་གནས་པའི་ཞིང་མ་ཡིན་པའི་གཞུང་ནི། ལུང་ཕྲན་ཚེགས་ལས། དགེ་སློང་ཕའམ་དགེ་སློང་མ་ཡང་རུང་མཚན་ལན་གསུམ་དུ་གྱུར་ན་ཇི་ལྟར་བགྱི། ཨུ་པ་ལི་མཚན་ལན་གསུམ་དུ་གྱུར་ན་དགེ་སློང་ཕའི་དངོས་པོ་་་་་་དང་མའི་དངོས་པོ་དེ་མ་ཐག་ཏུ་རྣམ་པ་ཐམས་ཅད་དུ་མི་གཞག་གོ་ཞེས་གསུངས་སོ། །མཚན་ལན་གསུམ་གྱུར་ན། སྡོམ་པ་སྐྱེ་གནས་གཉིས་ཀའི་ཞིང་མ་ཡིན་པའི་གཞུང་ནི། འགྲེལ་ཆུང་ལས། མཚན་ལན་གསུམ་དུ་གྱུར་པའི་མི་ལ་ནི་ཁྲིམས་ཕོག་ཀྱང་མི་ཆགས་ཏེ། དགེ་སློང་ལས་མཚན་གྱུར་ནའང་ལན་གཉིས་ཀྱི་བར་དུ་ནི་ཁྲིམས་མེད་པར་མ་སོང་གི་ལན་གསུམ་དུ་གྱུར་པས་ཁྲིམས་མེད་པར་སོང་སྟེ་ཞེས་སོ། །དེའང་གློ་བུར་དུ་མ་ནིང་གི་རིགས་སུ་གྱུར་པའི་ཕྱིར་རོ།་་་་་ཊཱི་ཀ་ལས་མ་ནིང་གི་རིགས་ཡིན་པའི་ཕྱིར་རོ། །འོ་ན་མཚན་ལན་གསུམ་དུ་གྱུར་པས་སྡོམ་པ་གཏོང་ན། མཛོད་འགྲེལ་ལས། མཚན་གྱུར་པ་ལ་སྔོན་གྱི་སྡོམ་པ་གཏོང་བའི་རྒྱུ་ཡང་ཡོད་པ་མ་ཡིན་ལ། སྔོན་མེད་པའི་སྡོམ་པ་འཐོབ་པའི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་པ་དང་

༼༢༥༥༽

འགལ་ཞེ་ན། དེ་ནི་མཚན་ལན་གཅིག་གམ་ལན་གཉིས་སུ་གྱུར་པའི་དབང་དུ་བྱས་ཞེས་རིགས་སོ། །མཁན་པོ་དེ་དང་ལྡན་པའི་སྡོམ་པ་སྐྱེ་བ་ལྟར་ན་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེའོ། །སྔོན་ཆོག་གི་སྐབས་སུ་མཁན་པོ་གཏན་ནས་མེད་ཀྱང་སྡོམ་པ་སྐྱེ་མོད།་་་་་འོ་ན་ད་ལྟར་གྱི་ཆོ་གས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་པ་ནོད་པ་ཆོས་ཅན། སྡོམ་པ་སྐྱེ་བ་དེ་མཁན་པོ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་ཡིན་པར་ཐལ། མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་རོ། །འདོད་ན། ཊཱི་ཀ་ལས། མཁན་པོ་ཉིད་དུ་གནས་པ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་ཡོད་ཀྱི་མི་གནས་པ་ལ་མེད་དོ། །ཞེས་མཁན་པོ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གསུངས་ལ། ལུང་མ་མོ་ལས་ཀྱང་བསྙེན་པར་རྫོགས་པར་མི་བྱ་བ་གང་ཞེ་ན། ཕ་བསད་པ་དང་། མ་བསད་པ་དང་། སློབ་དཔོན་མེད་པ་དང་མཁན་པོ་མེད་པ་དང་མི་མ་ཡིན་པ་ཐམས་ཅད་དེ་འདི་དག་ནི་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ཞེས་མཁན་པོ་མེད་ན་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་བར་བཤད་པ་དང་འགལ་་་་་་སྟེ་གཞན་ཡང་ཊཱི་ཀ་ལས་དེའི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་གི་མཁན་པོ་དང་འབྲེལ་བའི་ཕྱིར་རོ་ཞེས་བཤད་པ་དང་འགལ། ཞེ་ན། འགལ་བ་སྤོང་བ་ལ་གསུམ་ལས། དང་པོ་གཞན་ལུགས་་་་་་མཁན་པོ་མེད་ན་སྡོམ་པ་མི་སྐྱེ་བར་གསུངས་པ་རྣམས་ངེས་དོན་དུ་འདོད་པའི་ལུགས་མང་དུ་བྱུང་སྟེ་དེ་རྣམས། དགག་པ་ནི། ཁ་ཅིག་་་་་་གྲྭ་པ་མངོན་ཤེས། ན་རེ་མཁན་པོ་མེད་པ་ལ་སྡོམ་པ་མི་སྐྱེ་བར་གསུངས་པ་དང་། སྐྱེ་བར་གསུངས་པའི་དགོངས་པ་ནི། མཁན་པོའི་བྱ་བ་བྱེད་དུས་ན་མཁན་པོ་མེད་ན་སྡོམ་པ་མི་སྐྱེ་བ་དང་། སློབ་དཔོན་གྱི་བྱ་བ་བྱེད་དུས་ན་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བ་ལ་དགོངས་པ་སྟེ། དྲིན་ལན་བསབ་པ་ལས། མཁན་པོ་ཞིག་ལ་ཁྲིམས་བཅུ་ནོད་པར་གསོལ་བ་བཏབ་པ་ལས་ཁྲིམས་བཅུ་ནོད་པའི་ཚེ་མཁན་པོ་མངོན་སུམ་དུ་མ་གྱུར་ཀྱང་ཁྲིམས་བཅུ་ཐོབ་བོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །འོན་ཀྱང་དགེ་ཚུལ་གྱི་ཁྲིམས་བཅུ་ནོད་པའི་ཚེ་མཁན་པོ་མེད་ཀྱང་ཁྲིམས་བཅུ་ཐོབ་བོ་ཞེས་བསྟན་པས་མཁན་པོའི་བྱ་བ་བྱེད་དུས་ན་མཁན་པོ་མེད་ན་མི་འཐོབ་

༼༢༥༦༽

ཅེས་བསྟན་པ་མ་ཡིན་ཏེ། མེ་ཤིའོ་ཞེས་བརྗོད་པས་ཆུ་སྐྱེས་སོ་ཞེས་བསྟན་པ་མ་ཡིན་པ་བཞིན་ནོ། །གནོད་བྱེད་བརྗོད་པ་ནི།་་་་་སྡོམ་པ་སྐྱེ་བའི་རྒྱུ་རྐྱེན་གཞན་ཚང་ཞིང་མཁན་པོའི་བྱ་བ་བྱེད་དུས་ན་མཁན་པོ་མེད་པར་སྡོམ་པ་ནོད་པ་ཆོས་ཅན། མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་ཐལ། མཁན་པོའི་བྱ་བ་མ་བྱས་ཀྱང་སྡོམ་པ་སྐྱེ་བའི་ཕྱིར་རོ། །དེ་གང་གིས་གྲུབ་ན། མཁན་པོའི་བྱ་བ་ནི་དང་པོར་བར་ཆད་དྲི་བ། དེ་ནས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབ་པ། མཁན་པོར་གསོལ་བ་ཁས་བླང་བ། བར་མའི་དགེ་བ་སྦྱིན་པ་ཡིན་ལ། མཁན་པོའི་བྱ་བ་དེ་རྣམས་མ་བྱས་ཀྱང་རབ་བྱུང་གི་སྡོམ་པ་སྐྱེ་བར་གསུངས་་་་་་ཏེ་བར་ཆད་མ་དྲིས་པ་ལ་ཡང་ངོ་། །ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །མཁན་པོར་མ་གསོལ་བ་ལ་ཡང་ངོ་། །ཞེས། པས་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་གྲུབ་བོ། །བྱ་བ་མ་བྱས་ཀྱང་སྐྱེ་ན་བྱེད་པ་པོ་མེད་ཀྱང་སྐྱེ་བར་རིགས་ཏེ། བྱ་བ་ལ་ལྟོས་ནས། བྱེད་པ་པོ་རྣམ་པར་བཞག་པའི་ཕྱིར་རོ། །གཞན་ཡང་མཁན་པོའི་བྱ་བ་བྱེད་དུས་ན་མཁན་པོ་ཡོད་ན་མཁན་པོ་མེད་པའི་ཐ་སྙད་ཀྱང་མི་རིགས་སོ། །མྱང་མཚམས་པ།་་་་་ཁ་ཅིག་ན་རེ་མཁན་པོ་མེད་པ་ལ་སྡོམ་པ་སྐྱེ་བར་གསུངས་པ་དང་མི་སྐྱེ་བར་གསུངས་པའི་དགོངས་པ་ནི་མཁན་པོ་དང་མི་ལྡན་པའི་སྡོམ་པ་སྐྱེ་བ་དང་ལྡན་པའི་སྡོམ་པ་མི་སྐྱེ་བ་ལ་དགོངས་པ་སྟེ། ཊཱི་ཀ་ལས། ཡང་དག་པར་ལེན་པར་བྱེད་པས་མཁན་པོ་དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མཁན་པོ་དང་ལྡན་པའི་སྡོམ་པ་མི་སྐྱེ་བ་ཁོ་ནའོ་ཞེས་བཤད་པས་ཤེས་སོ་ཟེར་རོ། །མཁན་པོ་དང་ལྡན་པའི་སྡོམ་པ་དེ་སྡོམ་པ་བཟང་བ་དང་། མི་ལྡན་པའི་སྡོམ་པ་དེ་སྡོམ་པ་དམན་པར་འདོད་ན་མི་རིགས་ལ། མཁན་པོ་དང་ལྡན་མི་ལྡན་ཞེས་པ་དེ་ཉེས་མེད་ཀྱི་སྡོམ་པ་དང་ཉེས་བཅས་ཀྱི་སྡོམ་པ་ཞེས་འདོད་ན་དགག་མི་དགོས་སོ། །སོག་་་་་་ཁ་ཅིག་ན་རེ། མཁན་པོ་མེད་པ་ལ་སྡོམ་པ་སྐྱེ་བར་གསུངས་པ་དང་། མི་སྐྱེ་བར་གསུངས་པའི་དགོངས་པ་ནི་་་་་་མཁན་པོ་ཚུལ་ཁྲིམས་འཆལ་བ་ལས་ལྡན་པར་ཤེས་པ་ལྟ་བུ། ཐ་སྙད་པའི་མཁན་པོ་ཡོད་ན་དོན་ལ་མཚན་ཉིད་དང་ལྡན་པའི་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བ་དང་། ཐ་སྙད་པ་ཙམ་གྱི་མཁན་པོ་ཡང་མེད་ན་སྡོམ་པ་མི་སྐྱེ་བ་ལ་དགོངས་པ་སྟེ། མཁན་པོ་དཔྱད་པ་ཐ་སྙད་པ་ཡིན་པའི་ཕྱིར་ཏེ། ཞུ་བ་ལས། ཉེ་བར་འཁོར་མཁན་པོ་ཚུལ་

༼༢༥༧༽

ཁྲིམས་འཆལ་བས་བསྙེན་པར་རྫོགས་པར་བྱེད་ན། གལ་ཏེ་གང་ཟག་གིས་མི་ཤེས་ན་བསྙེན་པར་རྫོགས་པ་ཡིན་ཞེས་གསུངས་པ་འོད་ལྡན་དུ་ཁུངས་དྲངས་པ་དེས་གྲུབ་བོ་ཞེས་སོ། །འོ་ན་མཁན་པོ་ཡོད་མེད་ལས་སྡོམ་པ་སྐྱེ་མི་སྐྱེའི་རྣམ་པར་བཞག་པ་དེ་ཆོས་ཅན། དོན་གྱི་མཁན་པོ་ཡོད་མེད་ལས་རྣམ་པར་གཞག་པ་མ་ཡིན་པར་ཐལ། མཁན་པོ་དཔྱད་པ་ཐ་སྙད་པ་ཡིན་པའི་ཕྱིར་རོ།་་་་་རྟགས་ཁས་བླངས་སོ། །འདོད་ན་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བ་དེ་དོན་གྱི་མཁན་པོ་མེད་པ་ལ་དགོངས་ཟེར་བ་དེ་ཉམས་སོ། །བྱ་འདུལ།་་་་་ཁ་ཅིག་ན་རེ་མཁན་པོ་མེད་ན་སྡོམ་པ་མི་སྐྱེ་བར་གསུངས་པའི་གཞུང་དེ་རྣམས་ངེས་དོན་ཡིན་ལ། མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་གསུངས་པ་རྣམས་ནི་དམན་པར་དགག་པ་སྟེ། དཔེར་ན་སྟོབས་ཆུང་བ་ལ་སྟོབས་མེད་ཅེས་བརྗོད་པ་ལྟར། ཚུལ་་་་་་མཁན་པོ། ཁྲིམས་འཆལ་པ་ལྟ་བུ་མཁན་པོ་དམན་པ་ལ་མཁན་པོ་མེད་ཅེས་བཏགས་པ་སྟེ། མཁན་པོ་གཏན་མེད་པ་ལ་ནི་སྡོམ་པ་མི་སྐྱེ་ཞེས་འཆད་དོ། །དེ་ནི་མེ་ཏོག་ཕྲེང་རྒྱུད་ལས། མཁན་པོ་གཏན་མེད་ཉིད་དང་ནི། །མཁན་པོ་ཁྱིམ་པའི་རྟགས་སོགས་ཅན། །དེ་ཡང་བསྙེན་པར་རྫོགས་འགྱུར་མོད། །དགེ་སློང་འགལ་ཚབས་ཅན་དུ་འགྱུར། །ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་དགེ་སློང་གི་སྡོམ་པ་སྐྱེ་བའི་རྒྱུ་རྐྱེན་གཞན་ཚང་ཞིང་མཁན་པོར་གཏན་ནས་མ་གསོལ་བར་སྡོམ་པ་ནོད་པའི་གང་ཟག་ཆོས་ཅན། སྡོམ་པ་ནོད་པ་པོ་དེ་ལ་ད་ལྟར་གྱི་ཆོ་ག་ལ་བརྟེན་པའི་དགེ་སློང་གི་སྡོམ་པ་སྐྱེ་བ་ཁེགས་པར་ཐལ། སྡོམ་པ་ནོད་པ་པོ་དེ་མཁན་པོ་གཏན་མེད་ཡིན་པའི་ཕྱིར་ཏེ། མཁན་པོར་གཏན་ནས་མ་གསོལ་ན་མཁན་པོར་འོས་པའི་དགེ་སློང་དགྲ་བཅོམ་པ་ལྔ་བརྒྱ་མདུན་ན་ཚར་དུ་དངར་ཡང་དེ་ལ་མཁན་པོ་མེད་པ་ཉིད་ཡིན་ནོ། །འདོད་ན་མཁན་པོར་མ་གསོལ་བ་ལ་ཡང་ངོ་ཞེས་སོ། །གཉིས་པ་་་་་་རྒྱ་འདུལ་རྗེས་འབྲང་དང་བཅས་པ། རང་ལུགས་བཞག་པ་ནི། མཁན་པོ་མེད་པ་ལ་སྡོམ་པ་སྐྱེ་བར་གསུངས་པ་དང་མི་སྐྱེ་བར་གསུངས་པ་དེ། འབོགས་་་་་་མཁན་པོ་མེད་པར་སྡོམ་པ་འབོགས་པ་ན། པ་པོ་ལ་ཉེས་བྱས་བསྐྱེད་པས་ཉེས་པ་དང་བཅས་པའི་སྡོམ་པ་སྐྱེ་བ་དང་། ཉེས་་་་་་མཁན་པོ་མེད་པ་ཆོ་ག་ཕུན་སུམ་ཚོགས།

༼༢༥༨༽

མེད་ཀྱི་སྡོམ་པ་མི་སྐྱེ་བ་ལ་དགོངས་པ་ཡིན་ཏེ། ལུང་གླེང་གཞིའི་སྒོ་དང་པོ་དང་། ལུང་ཞུ་བ་ལས། མཁན་པོ་མ་མཆིས་པར་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ་ཞེས་གསུངས་པ་དང་། མཁན་པོ་མེད་པ་ཉིད་ལ་ཡང་ངོ་། །ཞེས་གསུངས་པ་འདི་ངེས་པར་གཟུང་ངོ་།་་་་་དེ་ལྟར་མཁན་བརྒྱུད་གཏན་ནས་མེད་པའི་རབ་བྱུང་རྣལ་མ་སྲིད་པར་འགྱུར་དུ་འོང་། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། ལུང་མ་མོ་ལས། སློབ་དཔོན་མེད་པ་དང་མཁན་པོ་མེད་པ་དང་མི་མ་ཡིན་པ་ཐམས་ཅད་དེ། འདི་དག་ནི་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཉེས་མེད་ཀྱི་སྡོམ་པ་མ་སྐྱེས་པའམ་མཁན་པོ་མེད་པ་ལ་བརྟེན་ནས་སྡོམ་པ་ལེན་སེམས་ལོག་པ་ལ་དགོངས་པ་ཡིན་ནོ།་་་་་ཞུ་བ་ལས་བཙུན་པ་བསྙེན་པར་རྫོགས་ཀར་མཁན་པོ་སྤོང་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། དགེ་སློང་འདི་ཉིད་ལ་མི་རིགས་པའོ་ཞེས་སྨོད་ཅིང་མཁན་པོ་སྤོང་བ་འདི་ནི་བསྙེན་པར་མ་རྫོགས་པ་ཞེས་བྱའོ་ཞེས་གསུངས་པས། དགེ་སློང་གི་སྡོམ་པ་ཉིད་ལས་འདོད་པའི་བློ་ལོག་ནའོ། །ཁྱེད་མཁན་པོ་གཏན་མེད་ལ་སྡོམ་པ་སྐྱེ་བར་འདོད་ན། དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་མི་སྐྱེའོ་ཞེས་མཁན་པོའི་མིང་མ་བརྗོད་པ་ལ་ཡང་སྡོམ་པ་མི་སྐྱེ་བར་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ་མཁན་པོ་ཡོད་པའི་ཚེ་མིང་འཇུག་ཆད་ན་ལས་ཀྱི་ཆོ་ག་ཆད་པས་སྡོམ་པ་མི་སྐྱེ་བ་སྟེ། ཉམས་ན་མ་བྱས་པ་ཉིད་དོ་ཞེས་གསུངས་སོ། །དཔེར་ན་ཆོས་གོས་དང་ལྷུང་བཟེད་ཡོད་བཞིན་དུ་དེ་གཉིས་ཀྱི་མིང་འཇུག་ཆད་ན་ཆོ་ག་ཆད་པས་དགེ་སློང་གི་སྡོམ་པ་མི་སྐྱེ་བ་བཞིན་ནོ། །མཁན་པོ་མེད་པའི་ཚེ་ན་ནི་མཁན་པོའི་མིང་འཇུག་ཆད་པའི་སྐྱོན་མེད་དེ་ཆོས་གོས་དང་ལྷུང་བཟེད་མེད་པའི་ཚེ་ན་དེ་གཉིས་ཀྱི་མིང་འཇུག་ཆད་པ་བཞིན་ནོ།་་་་་ཁ་ཅིག་ན་རེ་ད་ལྟར་གྱི་ཆོ་གས་དགེ་སློང་བྱེད་པ་ན། དགེ་འདུན་མེད་ཀྱང་དགེ་སློང་གི་སྡོམ་པ་སྐྱེ་བར་ཐལ། མཁན་པོ་དང་དགེ་འདུན་དགེ་སློང་གི་སྡོམ་པའི་རྒྱུར་མཚུངས་པའི་ཕྱིར་ཟེར་བ་ལ་རྒྱུ་ཙམ་དུ་མཚུངས་པའི་ཕྱིར་ཟེར་རམ། ཁྱད་པར་མེད་པར་མཚུངས་པའི་ཕྱིར་ཞེས་ཟེར། དང་པོ་ལྟར་ན་ཁྱབ་པ་མེད་ལ། གཉིས་པ་ལྟར་ན་རྟགས་

༼༢༥༩༽

མ་གྲུབ་སྟེ། མཁན་པོ་ནི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ལ། དགེ་འདུན་ནི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཞེས་གསུངས་སོ། །གཞན་ཡང་གསོལ་བ་བཏབ་པའི་མཁན་པོ་མི་དགོས་ཀྱང་། བྱ་བ་བྱེད་པའི་མཁན་པོ་དགོས་སོ་སྙམ་ན། མཁན་པོར་གསོལ་བ་མ་བཏབ་ན་བྱ་བ་བྱས་ཀྱང་མཁན་པོར་མི་འགྱུར་ཏེ་གནས་སུ་གཟུང་བའི་ཆོ་ག་མ་བྱས་ན་གནས་ཀྱི་སློབ་དཔོན་དུ་མི་གྱུར་བ་བཞིན་ནོ། །མཁན་པོར་གསོལ་བ་མ་བཏབ་ཀྱང་དང་པོའི་མཁན་པོ་ཞེས་བཤད་སྙམ་ན། དེ་ནི་རྒྱུ་ལ་འབྲས་བུའི་མིང་བཏགས་པ་སྟེ། དེའི་ཚེ་ན་མཁན་པོ་དངོས་ཉིད་ཡིན་ན། མཁན་པོར་གསོལ་བ་འདེབས་པ་ན་ལུང་གཞི་ལས་བཙུན་པའམ་སློབ་དཔོན་དགོངས་སུ་གསོལ་ཞེས་གསུངས་པ་དང་འགལ་ལ། མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་ཏོ། །ཞེས་པ་དང་ཡང་འགལ་ལོ། །སྤྱི་དོན་བཤད་ཟིན་ཏོ། །མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་དེ་དགེ་སློང་ཉིད་ཡིན་པར་འདུ་ཤེས་ན་མཁན་པོ་དང་ལྡན་པའི་སྡོམ་པ་སྐྱེའོ།་་་་་མཁན་པོ་དཔྱད་པ་ཐ་སྙད་ཡིན་པའི་ཕྱིར་རོ་གསུང་ངོ་། །བསྡུས་པ་ལས་མཁན་པོ་ཚུལ་ཁྲིམས་ལས་འཆལ་བའོ་ཞེས་བྱ་བར་ཤེས་ན་བསྙེན་པར་རྫོགས་པ་མ་ཡིན་ནོ། །དེ་ལས་གཞན་དུ་ན་བསྙེན་པར་རྫོགས་པའོ་ཞེས་བཤད་དོ། །ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཏེ།་་་་་ཞེས་པ་ནི་ཊཱི་ཀ་ལས་རྒྱལ་མཚན་གྱི་རྒྱལ་མཚན་ཡོད་པ་ཞེས་བསྣན་ཏེ་བསྟན་པས་ཆ་ལུགས་རྫོགས་པར་ཡོད་པའོ། །ཊཱི་ཀ་ལས་རྒྱལ་མཚན་གྱི་སྒྲ་རེ་རེ་ནི་དབྲི་བར་བྱའོ་ཞེས་པ་ནི་རྩ་བར་དངོས་སུ་བསྣན་ཏེ་མ་བསྟན་པ་ལ་དགོངས་ནས་དབྲི་བར་བྱའོ། །འདི་དག་གི་ཆ་ལུགས་རྫོགས་པ་ཅན་ལ་རབ་བྱུང་གི་སོ་སོ་ཐར་པའི་སྡོམ་པའི་རྒྱུན་གྱི་དང་པོ་མི་སྐྱེའོ། །འོན་ཀྱང་ཁྱིམ་པའི་རྒྱལ་མཚན་ཅན་ལ་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་དང་། བསམ་གཏན་གྱི་སེམས་ཐོབ་པའི་མུ་སྟེགས་པ་རང་གི་རྒྱལ་མཚན་ཅན་ལ་བསམ་གཏན་གྱི་སྡོམ་པ་སྐྱེ་བ་དང་། དགེ་སློང་གིས་དེ་གཉིས་ཀྱི་ཆ་ལུགས་སུ་ཞུགས་ན་དགེ་སློང་གི་སྡོམ་པ་་་་་་མི་གཏོང་བས་སྡོམ་པ། སྐད་ཅིག་སྔ་མའི་རིགས་འདྲ་སྐད་ཅིག་ཕྱི་མའི་སྡོམ་པ་སྐྱེ་བར་རིགས་སོ།་་་་་ལུང་གཞི་ལས་རིགས་ཀྱི་གཙོ་བོའི་བུ་གྲགས་པས་ཁྱིམ་པའི་ཆ་ལུགས་དང་རྒྱན་གྱིས་བརྒྱན་བཞིན་དུ་དགེ་སློང་དགྲ་བཅོམ་པར་གྱུར་ཅེས་གསུངས་པའི་དགོངས་པ་ནི་དཔྱད་དགོས་པ་ཉིད་དོ། །འཁྲུགས་པ་ནི་ཤེས་པ་རང་བཞིན་དུ་མི་

༼༢༦༠༽

གནས་པ་མཐར་ཐུག་པར་གྱུར་པའི་སེམས་འཁྲུགས་་་་་་པ་སྡོམ་པ་ལེན་སེམས་རྣལ་མ་མི་ཤེས་པ་སྟེ། རང་འགྲེལ་དང་། ཊཱི་ཀ་ལས། འཁྲུགས་པ་དེ་ལ་་་་་་ཤེས་པ་བརྟན་པ་ཉིད་མེད་པས་དེ་ལ་སྡོམ་པ་མི་སྐྱེའོ། །ཞེས་གསུངས་པ་ཡང་དོན་དེ་ལྟར་གཟུང་ངོ་། །འདིར་འགྲེལ་ཆུང་ལས། འཁྲུགས་པ་དང་ཞེས་པས།་་་་་སེམས་འཁྲུགས་ཤིང་ཁྲོས་པ་དང་ཞེས་ཀྱང་བཤད་དོ།་་་་་ཁ་ཅིག་ན་རེ་འཁྲུགས་པ་ནི་སྐྱེས་པ་ལན་བརྒྱད་བབས་པ་ཡིན་ཟེར་ཡང་ལུང་དང་བསྟན་བཅོས་ཀྱི་ཁུངས་མེད་དེ་རང་དགར་ཟད་དོ། །བུད་མེད་མཚན་དུག་མ་སྟེ།་་་་་བུད་མེད་གང་དག་དང་ཉལ་པོ་བྱས་ན་དེའི་རྐྱེན་གྱིས་མོད་ལ་འཆིའོ། །འགྲེལ་ཆུང་ལས། སྐྱེས་པ་གོང་འཆའ་བ་ནི་གནང་བ་དང་མི་གནང་བར་བཅས་པ་ནི་མེད་དེ། འདུལ་བ་འཛིན་པ་ཁ་ཅིག་གིས་ནི་བུད་མེད་དང་འདྲའོ་ཞེས་ཀྱང་བཤད་དོ་ཞེས་སོ། །གནས་ནས་ཕྱུང་བ་བབས་པ་བསྡོམ་པ་ལེན་ན་ནན་ཏུར་གྱི་་་་་་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ལ་ཡང་མི་སྐྱེའོ་ཞེས་སྦྱར་རོ། །སྡིག་སྡིག་ལྟ་བུ་སྔོན་སྡིག་པ་བྱས་བྱས་འདྲ་བ་བ་ལང་བདག་ལྟ་བུ་སྟེ། བ་ལང་གི་ཤ་ཚུགས་འདྲ་བ་ལ་སོགས་པའོ།་་་་་ལུང་ཕྲན་ཚེགས་ལས་བ་ལང་བདག་ལ་སོགས་པ་འཇིགས་འཇིགས་རྣམས་ཀྱང་རབ་ཏུ་འབྱིན་ཏོ་ཞེས་སྐྱེ་བོའི་ཚོགས་ཕལ་པོ་ཆེ་མ་དད་པར་བྱེད་ཀྱི་ཞེས་གསུངས་ལ་སྡིག་སྡིག་ལྟ་བུ་ནི་འགྲེལ་ཆུང་ལས་སྨེ་བ་དང་ཤ་མཚན་ལ་སོགས་པ་སྡིག་ཏུ་གྱུར་པའི་མཚན་དུ་འདུག་པ་དང་། མི་ཡིན་མོད་ཀྱི་རྐང་ལག་བ་ཕྱུགས་སུ་འདུག་པ་ལྟ་བུའོ་ཞེས་སོ། །གླིང་གཞན་ནས་སྐྱེས་པ་ཉིད་ཀྱི་ཚུལ་བྱད་མི་འདྲ་བར་གྲུབ་མོད། ཚུལ་བྱད་མ་འདྲ་བ་ཞེས་སྨོས་ཅི་དགོས་ཞེ་ན། ཚུལ་བྱད་འདྲ་ན་གླིང་གཞན་ནས་སྐྱེས་ཀྱང་རབ་ཏུ་དབྱུང་དུ་རུང་སྟེ་ཟངས་གླིང་པ་ལྟ་བུའོ། །གླིང་འདི་ཉིད་དུ་སྐྱེས་ཀྱང་ཚུལ་བྱད་མི་འདྲ་ན་རབ་ཏུ་དབྱུང་དུ་མི་རུང་སྟེ། ཊཱི་ཀ་ལས། གདོང་ཁྱིའི་ལྟ་བུ་དང་རྣ་བ་གྱོན་པ་ལྟ་བུ་ལ་སོགས་པ་ཞེས་སོ། །དེས་ན་ཚུལ་བྱད་མི་འདྲ་བ་གཙོ་བོ་ཡིན་པས་ལོགས་སུ་སྨོས་སོ། །འོ་ན་གླིང་གཞན་ནས་སྐྱེས་པ་ཞེས་མི་དགོས་པར་འགྱུར་རོ་ཞེ་ན། གླིང་གཞན་ནས་སྐྱེས་པ་དེ་ཕལ་ཆེར་ཚུལ་བྱད་མི་འདྲ་བའི་མཚོན་བྱེད་དུ་བསྟན་པའོ། །སྐྲ་སྒྲ་སྒྲེ་ཅན་ནི་རང་འགྲེལ་ལས། སྐྲ་སྨྱོན་ཐབས་མཁན་གྱི་ལྟར་བར་བར་དུ་འཛིངས་པར་གནས་པའོ་ཞེས་གསུངས་ཤིང་། འགྲེལ་ཆུང་ལས་སྐྲ་ཚོམ་བུ་ཚོམ་བུ་ར་རི་ཅན་དུ་འདུག་པ་ཞེས་ཀྱང་བཤད་དོ། །ཕྱིན་ཅི་་་་་་མིག་ལོག་ནི་མིག་གི་གྲ་ཟུར་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号