ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
རྩ་མཁྲིས་ནད་མ་ཞེས་བྱ་བ།།ས་གཞི་བདེ་འཇམ་དག་ལ་སྐྱེས།།ལོ་མ་སྔོ་ལ་ཅུང་ཟད་རྩུབ།།མེ་ཏོག་སེར་ཆུང་འདབ་བཞི་ཡོད།། རོ་ནི་ཁ་ལ་ནུས་པ་རྩུབ།།མཁྲིས་ནད་མ་ལུས་སེལ་བར་བྱེད།། འདི་ཡི་སྦྱོར་བ་བསྟན་པ་ནི།།ཏིག་ཏ་སྐྱེར་བའི་བར་ཤུན་དང༌།།མ་ནུ་ཧོང་ལེན་སྐྲ་བཟང་རྣམས།།ཀ་ར་དཀར་པོའི་རྟ་ལ་སྐྱོན།།ཆུ་སྐོལ་གྲང་མོས་འཕུལ་ལ་བཏང༌།།མཆིན་མཁྲིས་ཚད་པ་མ་ལུས་དང༌།། འཁྲུགས་རྙིང་འབྱམས་པ་སེལ་བར་འགྱུར།།ཁ་ཟས་གླང་རྒོ་ར་ཤ་བཏང༌།།སྐོམ་དུ་ཞོ་དར་ཆུ་ནང་དུ།བུར་དཀར་བཏབ་ལ་བླུད་པར་བྱ།།ཐེ་ཚོམ་མེད་པར་ཐུབ་པར་འགྱུར།།
རྒྱ་སྣེའུ་དམར་པོ་བོད་སྣེའུ་སྔོ།།རིགས་ནི་གཉིས་སུ་བཤད་པ་ཡིན།།རྒྱ་སྣེའུ་ལུད་དང་མ་བྲལ་སྐྱེ།།རྩ་བ་སྡོང་བོ་དམར་བ་སྟེ།།ལོ་མ་དམར་སྔོ་ཤིན་ཏུ་མཐུག།དབྱིབས་ནི་ཟླུམ་ལ་འབྲས་བུ་རྒྱས།།བདུད་རྩི་ཟིལ་བ་ཆགས་པ་འདྲ།།ནད་རྣམས་ཐམས་ཅད་སེལ་བ་ཡིན།།སྣེ་འབྲས་ཀ་ཤོ་ཀན་དྷདང་།།གུ་གུལ་ནག་པོ་དུད་པ་བཞི།།ཆ་མཉམ་བ་ཆུས་འདམ་བཏགས་བྱ།།རིལ་བུ་སྲན་མ་ཙམ་གྱི་ཚད།།བ་ཆུ་ཕུལགང་ནང་དག་ཏུ།།རི་ལུ་སྲན་མ་བདུན་བདུན་བསྣུར།།དགོང་དང་ཐོ་རེངས་དུས་སུ་བཏང།།བྱིབས་ལ་རྡུལ་དུ་འབྱིན་པར་བྱ།།ཉིན་གཅིག་བཏང་ཆིག་ཚད་བཏང༌།།སྨན་ནད་དྲན་ཉམས་འགྱེལ་བ་འོང།།དེ་ལ་འཇིགས་པར་མི་བྱའོ།།རླུང་ཤས་ཆེ་ན་ཆང་དང་སྦྱར།།རྗེས་ལ་དང་ག་འགགས་གྱུར་ན།།ཨ་རུ་ར་དང་བོང་ང་དཀར།།བྲག་ཞུན་རི་ལུ་སྲན་ཙམ་བཏང་།།དུག་རིགས་མ་ལུས་ཐམས་ཅད་ནི།།སྦྱོར་བ་འདི་ཡིས་མྱུར་དུ་སེལ།།ཁྱད་པར་ཚ་མཁྲིས་དག་ལ་བསྔགས།།དུག་ནད་རྣམས་ཀྱི་བདུད་རྩི་ཡིན།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
བོད་སྣེའི་སྔོན་པོ་ཞིང་ནང་སྐྱེས།།ལོ་མ་གཡུ་ཡི་བསིལ་ཡབ་འདྲ།།རྒྱབ་ཏུ་བདུད་རྩིའི་ཟིལ་བ་ཆགས།།རོནི་མངར་ལ་ཡིད་ཙམ་ཚ།།ཁོང་བཏང་རྨ་ལ་ཆུ་མི་འཇིགས།།ཁབ་ལེན་རྡོ་དང་སྦྱར་བྱས་ནས།།ཁོང་དུ་བཏང་ལ་རྨ་ལ་བཏབ།།རུས་ཆེན་ལ་ཟུག་མདེའུ་ལྕགས་འབྱིན།།ཟས་སུ་སྦང་ཟན་ཤ་བའི་ཤ།སྐོམ་དུ་ངེས་མེད་འཆོལ་བ་བླུད།།འདི་ནི་གནད་ཀྱི་གདམས་ངག་ཡིན།།ཟླ་ཕྱེད་ཞག་བཅུའི་བར་གྱི་ནི།།ཟུག་རྔུ་མ་ལུས་འཇོམས་པ་ཡིན།།བོད་སྣེ་སྔོན་པོ་དུལ་མ་དེ།། རྨ་ལ་བཏང་དུ་མི་རུང་བ།།དྲང་སྲོང་ཀུན་གྱིས་བཤད་པ་ཡིན།། རྨ་བཤིག་མདེའུ་འབྱིན་དུས་བཏང།།སྦྱོར་སྡེ་མང་པོ་འདི་ལ་མེད།།
ནད་མ་སྤུན་གསུམ་བྱ་བ་དེ།།ནད་མ་འབྱར་མ་ཞེས་བྱ་བ།།ནད་མ་སྤུན་གསུམ་མོན་བུ་དང༌།།ནད་མ་སྒྱིད་མ་སྤུན་གསུམ་མོ།ནད་མ་འབྱར་མའི་མཚན་ཉིད་ནི།།ཡུལ་ནི་དྲོ་བའི་ས་ལ་སྐྱེ།།ལོ་མ་སྔོན་པོ་རྩུབ་པ་ལ།།སྡོང་བུ་གྲུ་བཞི་རིང་བ་ཡིན།།མེ་ཏོག་མཐིང་ཤུན་ལྷི་རྩེ་འདྲ།།འབྲས་བུ་སྤུན་ལ་ཟླུམ་པོ་སྟེ།།ལོ་མ་འདབ་བཞི་འབྱར་ཞིང་་འཁྲིལ།།རོ་ནི་ཁ་ལ་ཅུང་ཟད་མངར། །ནུས་པས་རྨ་རྣམས་གསོ་བར་བྱེད།།རྩ་བ་ལོ་མ་མེ་ཏོག་དང༌།།འབྲས་བུས་ནད་རྣམས་ཐམས་ཅད་སེལ།།རྨ་ལ་བཏབ་ཅིང་ཁོང་དུ་བཏང༌།།རྨ་ལ་བཏབ་པས་འདྲུབ་པར་བྱེད།།ཆུ་རྣག་སྐེམ་པའི་རྒྱལ་བོ་མཆོག།ཁོང་དུ་བཏང་ན་རྩ་ཁ་འཛིན།།རྩ་གཉན་ཆོད་ཀྱང་འཇིགས་མི་དགོས།། ཟས་སྐོམ་ངེས་མེད་ཚ་སྐྱུར་བསྲེས།བདུད་རྩི་རྨ་གསོའི་སྨན་ཡིན་ནོ།ནད་མ་རྨུན་བུའི་མཚན་ཉིད་ནི།།ཆུ་ཀླུང་ཆེན་པའི་འགྲམ་ན་སྐྱེས།།ལོ་མ་རྩུབ་མོ་གང་རེག་འཁྲིལ།།འབྲས་བུ་ལུང་ཐང་འབྲས་བུ་འདྲ།།བྱང་ཁོག་རྨ་རྣམས་གང་ལ་ཡང༌།།ཁོང་དུ་བཏང་ན་ཆུས་མི་འཇིགས།།ཆུ་རྒྱུས་ཆད་པ་འབྲེལ་བར་འགྱུར།།ལྷ་བ་འབྲོས་པ་བསྙེགས་པར་ནུས།།རྨ་ཁོང་གཉིས་སུ་བཏང་བར་བྱ།།སྤུན་གསུམ་སྦྱར་ན་རྨ་སྐོར་གསུམ།།གསོ་བྱེད་སྨན་རྒྱལ་བོར་བཤད།།ཀ་ར་དང་སྦྱར་རྨ་ལ་གདབ།།རྨེན་ངན་གཅོད་ལ་ཤའུ་གསོ།།ཤ་བ་རི་བོང་ཉ་ཤ་སྤང༌།།ཁ་ཟས་མར་གསར་འབྲས་ཟན་བཏང༌།།སྐོམ་དུ་ཆུ་གདུས་བླུད་པར་བྱ།།སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ།།ནད་མ་སྒྱིད་མ་ཞེས་བྱ་བ།།ཞིང་གི་དབུས་རྣམས་ཀུན་ཏུ་སྐྱེས།།ལོ་མ་འབྱར་ཞིང་ཆུང་བ་ལ།།སྡོང་བོ་གཡུ་ཞགས་འཁྱིལ་འདྲ།།འབྲས་བུ་སྦལ་བའི་སྒོང་ང་འདྲ།།གང་ལ་ཉེ་བ་འབྱར་ཞིང་འཁྲིལ།།རོ་ནི་གོང་དང་འདྲ་བ་ལ།།ནུས་པས་རྨ་རྣམས་གསོ་བའི་སྨན།།རྩ་་བ་ལོ་སྡོང་འབྲས་བཅས་པ།།ཞུན་བྱས་ཕྱེ་མ་ཤིང་མངར་དང༌།།ཆུ་རྟ་མོ་དང་སྲུབ་མ་རྣམས།། ཁོང་དུ་བཏང་ལ་རྨ་ལ་གདབ།།མགོ་རྨ་ཀླད་པ་རལ་ཡང་འཚོ།།བྱང་ཁོག་སྟོད་སྨད་རྨ་ཡང་འཚོ།།ཡན་ལག་ཆག་འགྲམས་ཐམས་ཅད་འཚོ།།རྨ་ཡི་སྐྱོན་དྲུག་སེལ་བར་བྱེད།།ནད་མ་སྤུན་གསུམ་དོམ་མཁྲིས་དང༌།།ཨན་འདུམ་དཀར་ནག་སྣེའུ་ལོ་མ་དང༌།།ཆུ་རུག་རྣམས་ནི་ཞུན་བྱས་ནས།།རྨ་ཁོང་གཉིས་ཀར་བཏང་བྱས་ན།།རྨ་ཡི་སྐྱོན་དྲུག་སེལ་བར་བྱེད།།ཡོན་ཏན་གཞན་ཡང་བསམ་མི་ཁྱབ།།
      སྙ་ལོ་སྲིབས་ཀྱི་རི་ལ་སྐྱེས།།ལོ་མ་ཅུང་ཟད་རྩུབ་པ་ལ།།སྡོང་བོ་དམར་པོ་རིང་ལ་ལྡེམ།།མེ་ཏོག་དཀར་པོ་སྤྲིན་ཕུང་གཏིབས།།རོ་ནི་ཅུང་ཟད་ཁ་སྐྱུར་རྩུབ།།ནུས་པས་ཁོང་ནད་གཅོང་རྙིང་སེལ།།ནས་དཀར་དྲུས་ཕྱེ་དག་དང་གདུ།།ཡུན་བསྲིང་མང་དུ་འཐུང་གྱུར་ན།།མཁལ་རྐེད་རླུང་གཟེར་ཐམས་ཅད་དང༌།།བུ་བཙས་རྗེས་ཀྱི་རླུང་གཟེར་འཇོམས།།བུ་ག་དགུ་ནས་ཁྲག་འཛག་དང༌།།རྨས་པའི་ཁྲག་འཛག་གཅོད་པར་བྱེད།།སྙ་ལོའི་རྩ་བ་ཁུག་རྟའི་ཤ།སྦྱར་ལ་བཏང་བས་རྒྱུ་གཟེར་དང༌།།དམར་བཤལ་ནད་རྣམས་འཇོམས་པར་བྱེད།།ཁ་ཟས་འབྲས་ཆན་ཞོ་ཕྲུམ་བཏང༌།།ཆང་དང་ལུག་ཤ་ཉེ་མི་རུང༌།།རྒྱ་ནད་འཁོར་བ་ན་གྱུར་ན།།སྙ་ལོའི་རྩ་བ་ཅོང་ཞི་དང༌།།བཙོད་དང་སྦྲང་སྦྱར་བཏང་བྱས་ན།།མྱུར་དུ་བདེ་བར་འགྱུར་བ་ཡིན།།འབྱུང་བོ་སྲུང་བའི་ཆོ་ག་བྱ།།སྙ་ལོའི་རྩ་བ་རྣོ་གསུམ་དང༌།།ལྕམ་པ་ཤུ་གུ་ཚེར་མ་ཅན།།ཆང་ལ་སྦྱར་བཏང་ཆུ་འགགས་སེལ།།གཞན་ཡང་སྦྱོར་སྡེ་བསམ་མི་ཁྱབ།།
   ཤིང་ཞིམ་སྡོང་བོ་བསེ་ཞོ་འདྲ།།ལོ་མ་གཡུ་ཡི་གཤོག་བརྒྱང་འདྲ།།ཐོག་བུ་བྱུ་རུའི་རྔ་ཡབ་འདྲ།།རོ་ནི་སྐྱུར་ལ་ཞུ་རྗེས་མངར།།བད་ཀན་སྨུག་པོའི་ནད་འཇོམས་ཞེས།།སངས་རྒྱས་རྣམས་དང་དྲང་སྲོང་གསུངས།།རྩ་ལྟོ་གཉིས་ཀྱི་སྦྱོང་དག་ལ།།འདི་བཏང་ནད་རྣམས་ཐམས་ཅད་སེལ།།བུལ་ཏོག་སིངས་པོ་ཆུ་རྩ་སྦྱར།།ཁོང་དུ་བཏང་བས་ལྷན་ཐབས་དང༌།།སྨད་དུ་རྒྱས་པའི་ནད་རྣམས་འདྲེན།།སྐྱུགས་ཀྱི་སྨན་ནང་བཏང་གྱུར་ན།།སྣོད་ནད་ཐམས་ཅད་སེལ་བར་བྱེད།། སྐྲངས་རྣམས་ནན་བྱས་དཀྲིས་ན་བདེ།།ལ་རྒོད་རྩ་བ་དང་སྦྱར་ནས།། བཏང་ན་ནད་རྣམས་ཐམས་ཅད་བཤལ།།བསེ་ཡབ་སྙ་ལོའི་རྩ་བ་དང༌།།ཆང་སྦྱར་བླུད་ན་རྒྱུནད་སེལ།།རྗེས་ལ་གཅད་རན་དུས་དག་ཏུ།།ཚབ་གསུམ་དང་མར་ཁུ་བླུད།།ར་ཕག་ཤ་དང་ཆང་སྐྱུར་སྤང༌།། གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།ཉ་དུག་དཀར་པོའི་མཚན་ཉིད་ནི།།ལོ་མ་གཡུ་ཡི་སྦར་ཞགས་འདྲ།།མེ་ཏོག་སེ་བའི་མེ་ཏོག
འདྲ།།རོ་ནི་མངར་ལ་ཚ་བ་ཡིན།།ནུས་པས་སྲིན་བུ་གསོད་པར་བྱེད།།ཉ་རྣམས་འཆི་དང་བརྒྱལ་བར་བྱེད།།དེ་ཡི་རྩ་བ་སྐམ་པོའི་ཕྱེ།།ཕུར་མོང་དཀར་པོ་ཤིང་མངར་རྣམས།།སྦྲང་རྩི་དང་སྦྱར་
བཏང་བྱས་ན།།བད་ཀན་ནད་དང་སྲིན་ནད་རྣམས།།སྐྱུགས་པར་འགྱུར་བར་ཐེ་ཚོམ་མེད།།ཆུ་སྐོལལྕུམ་རྩས་ཡང་ཡང་དྲངས།།སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ།།
རི་ཤོ་རྩ་བ་འབྲི་ཏ་དང༌།།པིཔི་ལིང་དང་ཨ་རུ་ར།།སྐྲབཟང་མོན་སྲན་ཉི་དགའ་དང༌།།ར་འོར་བསྐོལ་ལ་ཁོང་དུ་བཏང༌།།ལྔ་བདུན་བར་དུ་སྐྱུགས་པ་སྲུང༌།།ཐར་ནུ་བཏུལ་བའི་ཁུ་བ་ནི།།
ལྕག་ཏུ་ཡང་དང་ཡང་དུ་བཏང༌།།རྗེས་ལ་ཚོ་ཁུ་ཚྭ་མེད་ཤིས།།བད་ཀན་ཆུ་སྐྱགས་གྲང་བ་དང༌།།ཕོ་བའི་མེ་དྲོད་ཉམས་པ་ཡི།ནད་རྣམས་མ་ལུས་སེལ་བར་བྱེད།།
   མཆིན་པ་བཅད་འབྱོར་ཞེས་བྱ་བ།།སྔོ་སྨན་རྣམས་ཀྱི་རྒྱལ་པོ་མཆོག།ཉིན་ལུང་སྲིབས་ཀྱི་སྨད་ན་སྐྱེས།།ལོ་མ་གཡུ་ཡི་མེ་ལོང་འདྲ།།མེ་ཏོག་གསེར་གྱི་ཙོང་ཙོང་འདྲ།།རོ་ནི་ཚ་ལ་ཡིད་ཙམ་
ཁ།།རང་གི་ནུས་པས་རྨ་འབྱོར་བྱེད།།མཆིན་པའི་ནད་ལ་བདུད་རྩི་འདྲ།།བཅད་འབྱོར་བདུད་རྩི་དོམ་མཁྲིས་དང༌།།གུར་གུམ་བྲག་ཞུན་པྲི་ཡང་ཀུ།འདི་ལྔ་ཆ་མཉམ་ར་ཁྲག་སྦྱར།།མཆིན་གས་
དང་ནི་མཆིན་སྐྲན་དང༌།།མཆིན་པ་བསྣད་པ་ལ་སོགས་པ།།འདི་ཡིས་ཐེ་ཚོམ་མེད་པར་འཚོ།།བཅད་འབྱོར་མར་དང་སྦྱར་བྱས་ནས།།རྨ་རྙིང་འཚོ་དཀའ་ལ་བྱུགས་ན།།ཉིན་ཞག་གསུམ་ན་འཚོ་བ་ཡིན།།གཞན་ཡང་རྒྱ་རྔོ་གཡན་པ་དང༌།།ཤུ་བ་རྨ་རྙིང་ཐོར་བ་དང།།རྟ་ཡི་རྒྱབ་ཆད་ལ་སོགས་པ།།མར་སྔྱར་བྱུགས་ན་འཚོ་བར་འགྱུར།།
སྔོ་ཡི་གཙོ་བོ་བྲེ་ག་ནི།།འབོལ་བའི་ས་དང་ཞིང་ནང་སྐྱེས།།ལོ་མ་སྔོ་མཐུག་མདངས་དང་ལྡན།།སྡོང་བོ་མདའ་སྙུག་ལྟ་བུར་རིང༌།། མེ་ཏོག་དཀར་པོ་ཆུང་བ་ཡིན།།གང་བུ་རྔ་དང་འདྲ་བའི་ནང༌།། འབྲས་བུ་དམར་པོ་སེ་སྒོང་འདྲ།།རོ་ནི་སྣུམ་ལ་ཚ་བ་ཡིན།།ནུས་པས་ནད་རྣམས་ཐམས་ཅད་སེལ།།ཆུ་ནང་ལེགས་པར་གདུས་བྱས་ཏེ།།སྤོར་ཆེན་སྦྲང་རྩི་ཁ་ཚར་གདབ།།བུར་དཀར་སྦྱར་བཏང་བད་ཀན་སེལ།།སྨན་དེ་བཏང་བའི་དུས་ཉིད་དུ།།ཆུ་དེ་བསྲུང་བ་དམ་ཚིག་ཡིན།།གུར་གུམ་ལི་ཤི་སུག་མེ་[སྨེལ]དང༌།།བུར་དཀར་དང་ནི་སྦྱར་བྱས་ན།།མཆིན་དྲིའི་ནད་རྣམས་སེལ་བར་བྱེད།།ཤུ་དག་ཆུ་ལྡུམ་ཟངས་རྩི་བ།།ཆུ་གྲང་དང་སྦྱར་ཆུ་ཤོར་སེལ།།རྩ་བ་ལྔ་དང་ཚ་བ་གསུམ།།ཚྭ་སྣ་གང་འཚོགས་བུར་དཀར་སྦྱར།།མཁལ་མའི་ནད་རྣམས་འཚོ་བརབྱེད།།སྦྱོར་སྡེ་གཞན་གྱིས་ནད་གཞན་སེལ།།བྱི་རུག་ཞིང་གི་ནང་ན་སྐྱེས།།ལོ་མ་མཐིང་ཤུན་རྔ་ཡབ་འདྲ།།འབྲས་བུ་མུ་མེན་མཆོད་སྡོང་འདྲ།།རོ་ནི་བསྐ་ལ་ཡིད་ཙམ་ཚ།།རང་གི་ནུས་པས་བད་ཀན་སེལ།།ཏིག་ཏ་ཧོང་ལེན་བ་ལེ་ཀ།གསེར་གྱི་མེ་ཏོག་འུ་སུ་དང༌།།ཨུཏྤལ་སྔོན་པོ་དང་སྦྱར་ཏེ།།ཀ་ར་དྲུག་འགྱུར་རྟ་ལ་སྐྱོན།། བད་ཀན་སྐྱ་བོ་སེལ་བར་བྱེད།།བཙོས་པའི་ཚོད་མ་ཐང་དང་འདྲ།། བད་ཀན་ནད་དང་རིམས་གསར་ལས།།མྱུར་དུ་རྒྱལ་བར་བྱེད་པ་ཡིན།།རྨ་གསར་ལ་གདབ་ཁྲག་ཀྱང་ཆད།།ཆུ་རུག་དོམ་མཁྲིས་སྲན་མ་དང༌།།ཨན་ལྡུམ་བྱེའུ་རུག་རེ་རལ་དང༌།།སྤོར་དང་ནད་མ་སྤུན་གསུམ་སྦྱར།།སྦྲང་རྩིས་རིལ་བུ་བྱས་པ་དེ།།མགོ་དང་བྱང་ཁོག་ཡན་ལག་གི།རྨ་ལ་གདབ་ཅིང་ཁོང་དུ་བཏང༌།།རྨ་རྣམས་འདྲུབ་ཅིང་ཆུ་སེར་སྐེམས།།ཤ་ནད་རུས་ནད་རྩ་ནད་འབྱངས།།རྨ་རྣམས་གསོ་བའི་དར་ཡ་ཀན།།སྐོམ་ཤ་ར་ཤ་ཕག་ཤ་བཏང༌།།སྐོམ་དུ་བ་རའི་འོ་སྐོལ་བཏང༌།།ལུག་ཤ་ཆང་ནི་སྤང་བར་བྱ།།ཤིང་ཀུན་གླ་རྩི་དང་སྦྱར་ནས།།སོ་ནད་ལ་བདུག་སྲིན་ནད་འབུད།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ཆུ་རུག་གྲང་དྲོའི་མཚམས་ན་སྐྱེས།།རྩ་བ་གཡུ་སྤྲུལ་འཁྱི་བ་འདྲ།།ལོ་མ་གཡུ་ཡི་ཧབ་རྩེ་འདྲ།།མེ་ཏོག་དམར་ལ་ཅུང་ཟད་སྔོ།།རང་ནུས་ཆུ་རྒྱུས་ཆད་པ་འབྲེལ།།ཧོང་ལེན་བྱ་ཁྱུང་དང་སྦྱར་ན།།ཆུ་མི་འཇིགས་ལ་སྐོམ་དད་སེལ།།རྨ་སྨན་རྣམས་ཀྱི་འཕྲོད་དུ་བཟང༌།།ཆུ་རུག་སྤོས་དཀར་ནིམ་པ་དང༌།།སོ་མ་ར་ཙ་ཏིལ་དཀར་ནག།སྦྲང་རྩི་དང་སྦྱར་ཁོང་དུ་བཏང༌།།ཆུ་སེར་ནད་རྣམས་འདྲེན་པར་བྱེད།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
གཉེན་པོ་བྱ་ཁྱུང་རི་སྟོད་སྐྱེས།།ལོ་མ་སྟོང་ཁེབས་གཤིབས་པ་འདྲ།།སྦངས་ན་གཡུ་ལྕམ་རྒྱལ་པོ་འདྲ།།རོ་ནི་ཁ་ལ་མཁྲིས་བག་ཅན།།མེ་ཏོག་འབྲས་བུ་གཉིས་ཀ་མེད།།རང་གི་ནུས་པ་ཆུ་མི་འཇིགས།།གྲོགས་དང་སྦྱར་ན་ཚད་ནད་སེལ།།
གཉན་ཐུབ་སྟོང་རི་ཟིལ་བ་ཅན།།(ལྕགས)ཏིག་ཏ་སུམ་ཏིག་བ་ཤ་ཀ།སྤང་རྩི་(དོ་བོ)ཤེལ་ཏང་པར་པ་ཏ།།ཞིབ་བཏགས་ཀ་རའི་རྟ་ལ་སྐྱོན།།ཆུ་གྲང་དག་གིས་འཕུལ་བཏང་ན།།ཚད་རིགས་མ་ལུས་ཐམས་ཅད་སེལ།།ཁྱད་པར་འཁྲུགས་རིམས་སྦྱང་དཀའ་སེལ།།འཕྲོད་སྨན་དང་སྦྱར་ནད་གཞན་སེལ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号