ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
ཆུ་དག་ཆུ་ཡི་ནང་ན་སྐྱེས།།ལོ་མ་འབྲས་ཀྱི་སོག་མ་འདྲ།།རྩ་བ་ཆུ་དག་ཁྲོ་གཉེར་ཅན།།དཀར་ནག་རྣམ་པ་གཉིས་ཡོད་དེ།།རོ་ནི་ཚ་ལ་རྩུབ་པ་ཡིན།།དཀར་པོ་རྒུ་དྲུས་ཞེས་བཤད་དོ།།རང་གི་ནུས་པས་གཅོད་པར་བྱེད།།ཆུ་དག་རུ་རྟ་སྟག་ཤ་བ།།མི་རུས་བཙའ་མ་བསྲེགས་པ་དང༌།།དབྱི་མོང་འབྲུ་གུ་སྲུབ་མ་དང༌།།སྦྱིན་དང་གླ་རྩི་སྦྱར་བ་ཡི།།རྨ་རྙིང་རྨེན་ངན་གཅོད་པར་བྱེད།།ཤའུ་གསོ་སྐྱེད་བྱེད་པ་ཡིན།།ཆུ་དག་དང་ནི་སྟག་ཤ་བ།།བྱ་རྒོད་སྤོས་དང་བོང་ང་ནག། ཨ་རུ་ར་དང་སྦྱར་བྱས་ཏེ།།ཆུ་གྲང་ཕུལ་ན་ལྷོག་པ་འཇོམས།།ཤུ་དག་ནག་པོ་བོང་ང་ནག།ཨ་རུ་ར་དང་སྦྱར་བྱས་ན།།གཟེར་ཐུང་ནད་རྣམས་སེལ་བར་བྱེད།།ཆུ་དག་འདམ་བུ་ཀ་ར་དང༌།།བོང་ང་དཀར་པོ་རྒུ་དྲུས་དང༌།།མཚལ་དང་ཀ་ར་སྦྱར་བ་ཡིས།།རྨ་ཡི་རྨེན་ངན་གཅོད་པར་བྱེད།།ཤའུ་གསོ་སྐྱེད་བྱེད་པ་ཡིན།།ཆུ་དག་འདམ་བུ་ཀ་ར་ཡིས།།མེ་ཡིས་འཚིག་པའི་རྨ་རྣམས་གསོ། །ཆུ་དག་དཀར་པོ་བུར་དཀར་སྦྱར།།ཛཱ་ཏི་ལི་ཤི་སུག་སྨེལ་དང༌།།ཤིང་ཀུན་ཚ་བ་གསུམ་སྦྱར་བས།།སྙིང་རླུང་ནད་རྣམས་གསོ་བར་བྱེད།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ཟངས་རྩི་བ་ཞེས་བྱ་བ་ནི།།ས་ནག་ལུད་ཀྱི་ནང་ན་སྐྱེ།། མཁན་པ་ལྟ་བུ་དྲི་ཡང་ཆེ། །ལོ་མ་མཉེན་ལ་ཉ་ག་ཅན།།སྡོང་བོ་སྤྲེའུ་རྔ་མ་འདྲ།།མེ་ཏོག་འབྲས་བུ་མཁན་དམར་འདྲ།།རོ་ནི་ཚ་ལ་ཅུང་ཟད་ཁ།།ནུས་པས་སྲིན་ནད་མ་ལུས་སེལ།།ཤིང་ཀུན་ལང་ཐང་རྨེ་རུ་རྩེ།།རྟ་ལྤགས་མ་དང་སྐྱི་འབྲུམ་དང༌།།ཤ་བའི་ཚིལ་དང་སྦྱར་བྱས་ན།།སྲིན་ནད་མ་ལུས་སེལ་བར་བྱེད།།ར་དུག་གླ་རྩི་ཨ་རུ་ར།ཆུ་དག་ནག་པོ་བྱི་ཚེར་མ།།གཉན་ཐུསནག་པོ་དང་་སྦྱར་བས།།ལྷོག་རིགས་ཐམས་ཅད་སེལ་བར་བྱེད།།སྟེང་དུ་བྱུགས་ལ་ཁོང་དུ་བཏང།།དཀར་གསུམ་མངར་གསུམ་མི་བཏང་ངོ༌།།ཟངས་རྩི་ཤང་ཤང་དྲིལ་བུ་དམར།།ག་བྲ་སྲོ་ལོ་དཀར་པོ་སྦྱར།།མི་ཕྱུགས་ཆུ་ཤོར་ནད་རྣམས་སེལ།།སྲོ་ལོ་དཀར་པོ་བོང་ང་དཀམར། །མཁན་དམར་རྒྱལ་མཚན་གང་གཱ་ཆུང༌།།ཆུ་སྦྱརཁོང་བཏང་དུག་ནད་སེལ།།དུག་ནད་ཕོ་བར་འདུས་པ་ན།།དན་ད་ལྔ་བདུན་མར་དུབཏུམ།།དེ་བཏང་དུག་ནད་བཤལ་དུ་འོང༌།།ཟངས་རྩི་རྒྱ་མཚོའི་བྱེ་མ་དང༌།།རྒྱ་ཚ་མཚལ་དཀར་སྦྱར་ལ་བཏང།།དེས་ནི་རྩ་ཡི་བཤལ་དུ་འགྱུར།།
བྲ་བོ་ཞེས་བྱའི་སྔོ་ལྡུམ་ནི།།ལོ་མ་དམར་སྔོ་མཐུག་པ་ལ།།སྡོང་བུ་དམར་སྔོ་མེ་ཏོག་ཅན།།འབྲས་བུ་ནག་སྐྱ་རྣམ་གཉིས་ཡོད།།རོ་ནི་ཁ་དང་མངར་བ་ཡིན།།རང་གི་ནུས་པས་རྒྱུ་ནད་སེལ།།རྒྱུ་མ་འཁྲོག་ཅིང་ན་བ་ལ།།གང་དུ་ན་བའི་སྟེང་དག་ཏུ།།བྲ་བོ་ཚ་མོ་བརྔོས་པ་འམ།།བྲ་ཟན་དག་གིས་དུགས་བྱས་ན།།རྒྱུམ་འཁྲོག་ཅིང་ན་བ་སེལ།། བྲ་ཟན་ཁུར་མང་ཚོད་མར་བཅས།།བཏང་བས་ཚད་ནད་མ་ལུས་འཇོམས།སྲན་ཆུང་རྐྱང་བའི་ཟན་དྲོན་ནམ།།ཚོད་མ་བྱས་ན་དང་ཁ་འབྱེད།།ནས་དཀར་བཙོས་པའི་ཁུ་བ་དང༌།།ཟན་ཆུང་ཟན་གྱིས་དང་ག་འབྱེད།།ནས་དཀར་གྲུས་ཆང་ཟན་ཆུང་ཟན།།ནད་རྣམས་གང་ཡིན་དང་ཁ་འགགས།།དེ་དག་མ་ལུས་སེལ་བར་བྱེད།།དང་ཁ་འབྱེད་པའི་སྡེ་ཚན་ཡིན།།
ཨུག་ཆོས་ཞེས་བྱའི་མེ་ཏོག་ལ།།རིགས་ནི་རྣམ་པ་གཉིས་སུ་ཡོད།།དཀར་དམར་གཉིས་སུ་ཤེས་པར་བྱ།།དམར་པོ་སྤང་དང་བྲག་ལ་སྐྱེས།།ལོ་མ་ས་འབྱར་ཉ་ག་ཅན།།མེ་ཏོག་བྱུ་རུའི་ཕུང་བོ་འདྲ།།ལི་ཁྲི་ལྟ་བུའི་དམར་འཇམ་མཛེས།།མེ་ཏོག་དབུས་ན་རྡོ་རྗེའི་ར།གང་བུ་རྣ་བའི་རྭ་ཅོ་འདྲ།།ནང་འབྲས་རྒྱ་ཡི་སྲན་ཆུང་འདྲ།།རོ་ནི་ཁ་ལ་མངར་བ་ཡིན།།རང་གི་ནུས་པས་རླུང་འཁྱིལ་འབྱིན།།གླང་ཐབས་རླུང་གིས་གྱེན་ལོག་ན།།བུལ་ཏོག་དང་སྦྱར་རེངས་བུར་བཏང༌།། ཨུག་ཆོས་མེ་ཏོག་རྩ་བ་འམ།།འབྲས་བུ་བུལ་ཏོག་ཆུ་སྐོལ་བླུད།།གླང་ཐབས་ནད་རྣམས་གང་ཡིན་དང༌།།རླུང་ལོག་ནད་རྣམས་ཐུར་དུ་འདྲེན།།ནད་སེལ་སྨན་གྱི་རྒྱལ་པོར་བཤད།།
ཨུག་ཆོས་དཀར་པོ་ཞེས་བྱ་བ།།ལོ་མ་ཨུག་ཆོས་འདྲ་བ་ལ།།མེ་ཏོག་ཨུག་ཆོས་འདྲ་སྟེ་དཀར།།རོ་ཁ་ནུས་པས་ཆུ་སེརསྐེམ།།འདི་ཡི་སྨན་གྱི་སྦྱོར་བ་ནི།།ཆུ་སེར་ནད་འདྲེན་བཤལ་ཞེས་བྱ།།ཨུག་ཆོས་དཀར་པོའི་རྩ་བ་ཤག།སྤང་རྒྱན་དཀར་པོ་ཤེལ་ཐང་དཀར། །སྤྱང་ཚེར་དཀར་པོ་དབྱི་མོང་དཀར།།སྨག་ཤད་དཀར་དང་བ་སྤྲུ་དཀར།། བྲ་མ་དཀར་པོ་དང་བརྒྱད་ལ།།ཞོ་ནི་བདུན་བདུན་ཆ་མཉམ་སྟེ།།གུ་གུལ་དཀར་པོ་ཞོ་གཅིག་བསྣན།།རྩི་བཞིན་བཏགས་ལ་དར་ཚགས་བྱ།།སྦྲང་སྦྱར་རིལ་བུ་ལུག་རིལ་ཙམ།།ལྟོ་སྟོང་གསུམ་གསུམ་མུར་དུ་བཅུག།འདི་ཡི་ཕན་ཡོན་བསྟན་པ་ནི།།མཛེ་ནད་དྲེག་དང་གྲུམ་བུ་དང༌།།རུས་ནད་ཆུ་སེར་རྒྱས་པ་ཡི།།རུས་མགོ་གར་ཡོད་ན་བ་དང༌།། ཚིགས་ལ་ཞེན་པའི་ཆུ་སེར་ནད།།རྐང་དང་ཤ་ཚིལ་ཞུ་བ་དང༌།།ཤ་མདངས་བར་གྱི་ཆུ་སེར་རྣམས།།སེལ་འགྱུར་བདུད་རྩི་ལྟ་བུའི་སྨན།། ཆུ་སེར་འདྲེན་བྱེད་དཀར་པོ་དགུ།བཤལ་གྱི་རྒྱལ་པོར་བཤད་པ་ཡིན།།གཞན་ཡང་སྦྱོར་སྡེས་ནད་སེལ་འགྱུར།།
སེབ་དམར་པོ་ཞེས་བྱ་བ།།ཤིང་རྩུབ་ཚེར་མ་ཟུར་གསུམ་རྣོ།མེ་ཏོག་དཀར་པོ་འབྲུམ་བུ་ཅན།།འབྲས་བུ་ཀ་ཙེ་སྨིན་ལེགས་འདྲ།།རོ་ནི་མངར་ལ་སྐྱུར་བ་སྟེ།།རང་གི་ནུས་པས་རིམས་ནད་སེལ།།སེ་བའི་འབྲས་བུ་དམར་པོ་དང༌།།བྲ་བོ་དང་ནི་སྲན་མ་དང༌།།སྲན་ཆུང་དང་ནི་བུ་རམ་རྣམས།།བསྐོལ་བའི་ཁུ་བ་བླུད་པའམ།།བརྔོས་པའི་ཡོས་རྣམས་བཏང་བྱ་ན།།རིམས་ནད་རིམས་རྣམས་གང་ཡིན་ཡང།། འདིས་ནི་ཐེ་ཚོམ་མེད་པ་ཡིན།།ཚད་རིམས་གསར་རྙིང་གང་ཡིན་གྱི།།ཐང་གི་ནང་དུ་འདི་བཏབ་ན།།ཚད་རིམས་གསར་རྙིང་མ་ལུས་བྱང༌།།
ར་དུག་པ་ཞེས་བྱ་བ་ནི།།སྲིབས་ཀྱི་ནགས་ཚལ་ས་གཞིར་སྐྱེས།།རིགས་ནི་རྣམ་པ་བཞི་རུ་འདོད།།དཀར་སེར་དམར་པོ་ནག་དང་བཞི།།སྐྱེས་པ་ཕྱོགས་བཞི་དག་ན་སྐྱེས།།སྤྱི་ཡི་ལོ་མ་མཁནཔ་འདྲ།།སྡོང་བུ་རིང་ལ་ལྡེམ་པ་ཡིན།།མེ༌ཏོག་རང་རང་ཁ་དོག་ཡོད།། ཡུལ་རིགས་མི་མཐུན་སྐད་མི་མཐུན།།དེ་ཕྱིར་ཐམས་ཅད་བོད་སྐད་བསྒྱུར།།བོང་ང་དཀར་ནག་དམར་སེར་ཡིན།།དཀར་དམར་སེར་གསུམ་སྨན་ཡིན་ནོ།སྨན་གསུམ་རོ་ནི་ཁ་བ་ཡིན།།ནག་པོ་དུག་ཡིན་སྨན་ཡང་ཡིན།།རང་གི་ནུས་པས་དུག་ནད་རིམས། །ཚད་པ་དང་ནི་རིམས་རྙིང་སེལ།།དཀར་པོ་ཆིག་འདྲེང་[འགྲེང་]ལུས་རིང་བ།།མེ་ཏོག་དཀར་དམར་རི་མོ་ཅན།།རྩ་བ་ལོ་མ་དུས་སུ་བཏུ།།ལེགས་སྐམ་ཤུ་གུ་ཚེར་མ་ཅན།།ཁྲོན་བུ་དང་སྦྱར་ཁོང་དུ་བཏང༌།།གག་པའི་རིགས་རྣམས་གང་ཡིན་ཡང༌།།གསུམ་སྦྱོར་སྨན་གྱིས་སེལ་བར་འགྱུར།། སྐྲངས་པོ་ཆེ་བར་གྱུར་པ་ན།།གཙགས་བུས་དྲལ་ལ་གདབ་པར་བྱ།།ཆིག་ཐང་ལྷོག་ནད་མ་ལུས་སེལ།།སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ།།
ར་དུག་དམར་པོ་ཞེས་བྱ་བ།།བོང་ང་དམར་པོ་ཞེས་ཀྱང་བྱ།།ལོ་མ་སྡོང་བོ་གོང་དང་འདྲ།།མེ་ཏོག་རྒྱས་སྐགས་མེ་ཏོག་འདྲ།། རྩ་བ་དམར་ལ་རོ་ནི་ཁ།།རང་གི་ནུས་པས་དུག་ནད་འཇོམས།།ཁྱད་པར་བཙན་དུག་ནུས་པ་རྣམས།།རྨ་བྱ་བཞིན་དུ་སྨོས་ཅི་དགོས།།དུག་སྨན་གཞན་གྱི་ནུས་པ་རྣམས།།འདི་ཡིས་ཐམས་ཅད་ཟིལ་གྱིས་གནོན།། ཆིག་ཐང་དུག་རྣམས་མ་ལུས་འཇོམས།།ཚད་རིམས་མེ་ལྟར་འབར་བ་ལ།།འདི་ཡིས་མྱུར་དུ་གསོ་བར་བྱེད།།སྙིང་རླུང་ཅན་གྱི་ནད་པ་ལ།།ཨ་རུ་ར་དང་བྱིས་པའི་ཆུ།།སྦྱར་བཏང་མྱུར་དུ་སོས་པར་བྱེད།།བོང་ང་དམར་པོ་སུམ་ཆ་ལ།།ཨ་རུ་སུམ་གཉིས་གཟེར་ཐུང་སེལ།།བོང་ང་ཨ་བར་སུམ་གཉིས་ལ།།སྟོང་རི་སུམ་ཆ་སྦྱར་བཏང་ན།།གློ་སྙིང་ཏྲེ་ཏྲེ་ཧོ་ལ་བསྔགས།།དམར་པོ་ཐུན་གཅིག་རྩ་བ་སྟེ།།ཐར་ནུ་སུམ་ཆ་ལྕུམ་རྩ་ནི།།སུམ་གཉིས་གོང་ལྟར་སྦྱར་བ་ན།།གཟེར་ནད་ཐམས་ཅད་སེལ་བར་བྱེད།།ཡོན་ཏན་བརྒྱད་ལྡན་སྨན་ཡིན་ལ།།ནད་བརྒྱ་འཇོམས་པའི་སྨན་ཡིན་ནོ།
བོང་ང་སེར་པོ་ཞེས་བྱ་བ།།ར་དུག་སེར་པོ་ཞེས་ཀྱང་བྱ།།ལོ་མ་སྡོང་བུ་སྔར་དང་འདྲ།།མེ་ཏོག་ཅུང་ཟད་སེར་བའི་མདངས། །རོ་ཁ་ནུས་པ་བསིལ་བ་ཡིན།།དུག་རིགས་ཚད་པའི་ནད་རྣམས་ལ།།འདི་ཡིས་མི་སེལ་ནད་གཞན་མེད།།ཁྱད་པར་མཁྲིས་པའི་རིགས་ལ་བསྔགས།།ཏིག་ཏ་བྱི་ཚེར་པར་པ་ཏ།།གུར་གུམ་དང་ནི་ལྔ་བོ་སྦྱར།།ཀ་ར་དྲུག་འགྱུར་ཆུ་གྲང་རྟ།།ནད་རྣམས་མ་ལུས་ཀུན་སེལ་སྟེ།།ཁྱད་པར་འཁྲུགས་རིམས་ཐམས་ཅད་སེལ།།སྦྱོར་སྡེ་གཞན་གྱིས་གཞན་ཡང་སེལ།།
ར་དུག་ནག་པོ་བཙན་དུག་ཡིན།།འདི་ནི་དུག་དང་སྨན་གཉིས་ཡིན།།གཅིག་པུ་གསོད་བྱེད་དུག་ཡིན་ནོ།།སྦྱོར་བ་ལེགས་བྱས་ནད་གཞན་སེལ།།བདུད་རྩི་ལྟ་བུའི་སྦྱོར་བ་བཤད།།སྨན་ཆེན་བཟང་བོ་ཞོ་གཅིག་ལ།།གསེར་མདོག་ཕྱེ་མ་ཞོ་གཉིས་སྦྱར།།མ་གི་ཏ་ནི་ཞོ་ཕྱེད་དང༌།།པི་པི་ལིང་ནི་བཞི་ནམ་གཅིག།ལོ་བརྒྱད་བྱིས་པའི་ཆུ་དང་སྦྱར།།རིལ་བུ་སྲན་མ་འབྲིང་བོ་ཙམ།།ལྔ་བདུན་བཏང་ལ་སྤྱོད་ལམ་སྲུང༌།།ལངས་ན་སྐྱོ་ཚ་སྡོར་ཅན་བཏང༌།།འདི་ནི་ནད་བརྒྱ་སྨན་གཅིག་ཡིན།།འདི་ཡིས་རླུང་ནད་མ་ལུས་དང༌།།བད་ཀན་སྐྱ་བོ་དམུ་ཆུ་དང༌།།སྐྲན་དང་དམུ་རྫིང་ཐམས་ཅད་དང༌།།གག་ལྷོག་གཟེར་གསུམ་ནད་རྣམས་འཇོམས།།འདི་ཡིས་མི་སེལ་གང་ཡང་མེད།།ནད་འཇོམས་སྨན་གྱིཨ་སྦྱོ་བ་ཡིན།།
སྟར་བུ་གདུག་རྩུབ་ཚེར་མ་ཅན།།རིགས་ནི་དཀར་ནག་གཉིས་ཡོད་དེ།།ཤིང་སྡོང་ཆེན་པོར་སྐྱེས་པ་ལ།།ལོ་མ་ཆུང་ལ་སྐྱ་བ་སྟེ།།འབྲས་བུ་གསེར་གྱི་སྲན་མ་འདྲ།།སྲིབས་ལུང་ནགས་ཚལ་དག་ལ་སྐྱེས།།རོ་ནི་སྐྱུར་ལ་ལྕེ་ཡང་འབིགས།།སྟར་ཆེན་ནུས་པས་དངུལ་ཆུ་བཤིག།སྟར་ཆུང་ནུས་པས་གློ་ནད་སེལ།།སྟར་བུ་མ་ནུ་སེ་རྒོད་དང༌།། ཅུ་གང་སྲོལདཀར་ལ་ཕྲོམ་དཀར། །སྤང་རྩི་དང་སྦྱར་གློ་གཅོང་སེལ།། སྟར་བུ་རྒུན་འབྲུམ་ཨ་ཀྲོང་བ།།ཅུ་གང་འབྲི་མོག་རྣམ་པ་ལྔ།། སྦྲང་རྩི་དང་སྦྱར་ཀློ་སྙིང་སེལ།།ཁ་ཟས་རྟ་རྐྱང་ཤ་ཡང་ཤིས།།སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ།།
མ་གལ་ཞེས་བྱ་ལྕང་མའི་རིགས།།ལོ་མ་རྒྱབ་སྐྱ་སྐྲངས་པ་འདྲ།།པགས་པ་ལྕང་མ་འདྲ་བ་ལ།།རོ་ནི་ལྕང་མ་དག་དང་འདྲ།།དེ་ཡི་ཤུན་པ་སེང་ལྡེང་དང༌།།གླ་སྒང་དང་ནི་དོང་ག་དང༌།།སྤང་རྒྱན་སྔོན་པོ་ལྔ་འདི་རྣམས། །ལེགས་བཏགས་འབྲུམ་བུའི་ནད་རྣམས་སེལ།།སྲོ་ལོ་དཀར་པོའི་རྩ་བ་བསྐོལ།།ཆུ་ལ་བཤལ་ནས་སྐམ་པ་དང༌།། ཨ་ཀྲོང་བ་དང་རྒུན་འབྲུམ་དང།།ཟངས་རྩི་བ་དང་རྣམ་པ་ལྔ།།སྦྱར་ནས་བཏང་བས་གློ་ནད་སེལ།།གཅིག་ཏུ་བསྐོལ་བའི་ཁུ་བའི་ཐང༌།། ཡུན་བསྲིང་བསྟེན་ན་གློ་གཅོང་སེལ།།གློ་བའི་གོ་རལ་བྱུང་གྱུར་ན།། དམར་པོ་ལྔ་ཡི་ཐང་ནང་དུ།།ཅུ་གང་ཨ་ཀྲོང་ག་བྲ་བ།།སྤྱི་ཞུར་ཝ་ཡི་གློ་བ་དང༌།།བསེ་རུ་གྭ་དོར་རྟ་གློ་སྦྱར། །སྦྲང་སྦྱར་ནད་རྣམས་སེལ་བར་བྱེད།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
བདུད་རྩི་ཟིན་ཏིག་རྣམ་གཉིས་ནི།།རི་མཐོ་རྫ་ཡི་ཆུ་ནང་སྐྱེས།།མེ་ཏོག་དཀར་དང་དམར་བ་ཡིན།།ཤ་ལྡུམ་རྣམ་གཉིས་ཞེས་ཀྱང་ཟེར།།མེ་ཏོག་དཀར་པོ་ཨོག་(མགོ་ཟེར་བའང་འདུག)ནག་པ།།མེ་ཏོག་སྨུག་པོ་པུ་ཤུད་མགོ།དཀར་པོས་ནད་རྣམས་ཐམས་ཅད་སྐྱུགས།།དམར་པོས་གག་ལྷོག་ཐམས་ཅད་སེལ།།ར་དུག་སྐྱེར་བ་སྟག་ཤ་བ།།སྤང་རྩི་དོ་བོ་ཤེལ་ཏང་རྣམས།།བསྐོལ་ལ་ཁོང་བཏང་ལྷོགས་འཇོམས།།ཁ་ཟས་ནག་ཐུག་ཚ་མེད་བཏང༌།།བསྲེགས་པ་ལ་སོགས་ཚོད་དང་སྦྱར།།ནད་དང་གང་ཉེའི་རྩ་ལ་གཏར།།སྟག་ཤ་ཟིན་ཏིག་བོང་ང་ནག།ལུམས་བྱས་ནད་རྣམས་འཚོ་བར་འགྱུར།།ཁོང་དུ་བཞི་སྦྱོརརིལ་བུ་བཏང༌།།གག་ལྷོག་འཇོམས་པའི་གཉེན་པོ་ཡིན།།
ཧོང་ལེན་རི་མཐོའི་རྫ་ལ་སྐྱེས།།ལོ་མ་ནས་ཀྱི་ལྗང་བུ་འདྲ།། ཕོ་ལ་མེ་ཏོག་སྡོང་བུ་ཡོད།།མོ་ལ་སྡོང་བུ་མེད་པ་ཡིན།།རང་གི་ནུས་པས་རིམས་རྙིང་སེལ།།གྲོགས་དང་སྦྱར་ན་ཆུ་མི་འཇིགས།བ་མར་སྦྱར་བཏང་མིག་ཀྱང་རྣོ།སྣོད་ཀྱི་ཚད་པའི་རིགས་རྣམས་སེལ།།གང་གཱ་ཆུང་དང་བོང་ང་དམར།།གླང་ཆེན་ཆིག་ཐུབ(སུ་མི་སྨན)གསེར་མདོག་དང༌།།བེ་སྐྱེས་རེ་རལ་བྷི་ཤིགས་འཕྲོམ།།ཕུར་སླེབས་སྒ་ཆུང་ཞིབ་བཏགས་ལ།།རིལ་བུ་བྱས་ལ་ཁོང་དུ་བཏང༌།།ཤ་དུག་སྦྱར་དུག་ལ་སོགས་པ།།ཧོང་ལེན་དགུ་ཡི་སྦྱོར་བས་འཇོམས།།ནད་སེལ་སྨན་སྦྱོར་བསམ་མི་ཁྱབ།།
ནག་པོ་ཆིག་ཐུབ་ཅེས་བྱ་བ།།ལོ་མ་ལྗི་དུག་པ་དང་འདྲ།། འབྲས་བུ་གོ་སྙོད་འབྲས་བུ་འདྲ།།དེ་དང་ཐང་ཕྲོམ་འབྲས་བུ་དང༌།། གཡེར་མའི་མེ་ཏོག་ཤ་རྩི་བ།།སྟག་ཤ་མཁན་རྩ་དབྱི་མོང་དང༌།།ཡུ་མོ་མདེའུ་འབྱིན་དག་དང་སྦྱར།།ཞིབ་བཏགས་བྱིས་པའི་ཆུ་དང་སྦྱར། །གཉན་ནད་ལྷོག་པའི་རིགས་རྣམས་འཇོམས།།ལུམས་དང་དམ་ལ་སོགས་པ་རྣམས།།གསོ་དཔྱད་གཞན་དུ་བསྟུན་པར་བྱ།།སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号