ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
སེར་པོ་ཁྲག་རྐང་ཞེས་བྱ་བ།།ཉིན་གྱི་བྲག་གི་གསེབ་ན་སྐྱེ།།ལྡུམ་བུ་ལྕགས་ཀྱུ་ཅན་ཀྱང་ཟེམར། །སྡོང་བུ་རིང་ལ་ཡིད་ཙམ་སེར།།ལོ་མ་གཡུ་བུན་གཏོར་བ་འདྲ།།མེ་ཏོག་གསེར་གྱི་གའུ་འདྲ།།འབྲས་བུ་ཆུང་ཞིང་ཤིགས་པ་འདྲ།།རོ་ནི་ཅུང་ཟད་ཁ་བ་ཡིན།།སྟོན་ཟླ་ར་བའི་ཉ་ལ་བཏུ།ཚད་རིམས་དུག་ནད་གང་ལ་ཡང༌།།འདིས་ནི་མི་འཚོ་ནད་གཞན་མེད།།རྨ་རྣམས་འདྲུབ་ལ་རུས་པ་འབྱོར།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།ཚད་པ་དྭངས་སྙིགས་འབྱེད་པར་བྱེད།།མ་སྨིན་པ་རྣམས་སྨིན་པར་བྱེད།།ཚ་ནད་འཇོམས་པའི་བདུད་རྩིར་བཤད།།
པྲི་ཡང་གུ་ནི་མཆིན་པའི་ཚད་པ་སེལ།།ཉིན་སྲུབས་འདྲ་སྟེ་ཕལ་ཆེར་སྲིབ་ལ་སྐྱེས།།སྒང་ལ་དར་སྔོན་འཕྱར་བ་འདྲ།།རོ་ནི་མངར་ལ་ཁ་དང་བཅས།།བུ་རམ་གི་ཝང་ཀ་ར་སྦྱར།།མཆིན་ནད་ཐམས་ཅད་སེལ་བར་བྱེད།།ཞུན་དུ་བྱས་ན་བད་ཀན་སེལ།།ཁྲག་གཅོད་རྨ་འདྲུབ་ཆུ་སེར་སྐེམ།།ཡོན་ཏན་བསམ་གྱིས་མི་ཁྱབ་བོ།།
སྙི་བ་ཞེས་བྱ་སྲིས་མོར་སྐྱེས།།ལོ་མ་ཕྲ་ལ་མེ་ཏོག་ནི།།ཨུཏྤལ་སྔོན་པོ་དག་དང་འདྲ།།ཞིང་དང་རི་ཡི་ཤིང་དག་ལ།།འཁྲིས་ནས་སྐྱེས་པའི་ལྡུམ་སྨན་དེ།།རང་གི་ནུས་པས་སྣ་དྲི་ཚོར།སྙི་བའི་མེ་ཏོག་ཧོང་ལེན་དང༌།།ཧ་ལོ་སྨྱུག་མའི་པགས་པ་རྣམས།།སྣ་ནང་བླུག་པས་དྲི་མི་ཚོར།མགོ་ནད(ལ་སོགས)སྣ་ལ་འཇུག།དེ་ཕྱིར་གསང་བའི་སྨན་གཅིག་ཡིན།།གཅིག་པུར་བཏང་བས་དང་ག་འབྱེད།།སྐྱུ་རུ་ར་དང་སེ་འབྲུ་སྦྱར།།སྟར་བུ་བུ་རམ་རྟ་ལ་སྐྱོན།།སྐྱེད་བྱེད་ནད་གཞི་གང་ཡང་རུང༌།།ཡི་ག་འབྱེད་ལ་དང་ག་བདེ།།སྨན་འཕྲོད་གཞན་གྱིས་ནད་གཞན་སེལ།།
ཁུར་མང་བདུད་རྩི་དར་ཡ་ཀན།།ནད་སེལ་བདུད་རྩི་སྤུན་བཞི་རུ།།རྒྱུད་སྡེ་རྣམས་སུ་གསུངས་པ་ཡིན།།ཁུར་མང་དཀར་ནག་རྣམ་གཉིས་དང༌།།རྒྱ་ཁུར་ཝ་ཁུར་རྣམ་བཞིའོ།།མེ་ཏོག་དཀར་པོ་ཁུར་དཀར་སྟེ།།སེར་པོ་ནག་པོར་བཤད་པ་ཡིན།།རྒྱ་ཁུར་བོངས་རིང་སྡོང་བུ་ལྡེམ།།མེ་ཏོག་ཕྲེང་བས་ཀུན་ཏུ་ཁྱབ།།ཝཁུར་ལོ་མ་ཕྲ་ལ་སྣུམ།།རོ་ནི་ཁ་ལ་ཡིད་ཙམ་འབོལ།།རྩ་བ་རམ་པ་འདྲ་བའོ།།མིང་ནི་སྐྱབས་དང་ལས་དཀར་ཟེར།།རང་གི་ནུས་པས་ཚད་རིམས་སེལ།།རྒྱ་ཁུར་ཚོད་མ་བྱས་པའི་ནང༌།།སྒ་སྐྱ་བཏབ་ན་ཚད་ནད་འཇོམས།།ཝ་ཁུར་བོང་ང་དཀར་པོ་དང༌།།སྲེ་མོང་སྟག་ཆུང་རྒུ་དྲུས་དང༌།།མཚལ་དང་ཀ་ར་སྦྱར་བྱས་ཏེ།།རྨ་ཡི་ནང་དུ་བཏབ་པ་ན།།རྨ་འདྲུབ་ཆུ་སེར་རྣག་སྐེམ་མོ།།ཝ་ཁུར་ལ་སོགས་སྤུན་བཞི་ཡི།།རྩ་བ་ལོ་མ་མེ་ཏོག་གསུམ།།གཅིག་ཏུ་ཞུན་བྱས་རྨ་ལ་བཏབ།།ཁོང་དུ་བཏང་ན་འཆི་མེད་ཡིན།།རྩ་བས་རྩ་ཆད་མཐུད་པར་བྱེད།།ལོ་མས་པགས་པ་རལ་བ་གསྲོ།མེ་ཏོག་རུས་པ་ཆག་གས་སྦྱོར།།སུམ་སྦྱར་ཞུན་བྱས་ཆུས་མི་འཇིགས།གསུམ་པོའི་ནུས་པས་ཤའུ་གསོ།།རྨ་གསར་དག་གི་ཁྲག་ཀྱང་གཅོད།།ཚོད་མས་རིམས་དང་འཁྲུ་ནད་སེལ།།སྦྱོར་སྡེ་གཞུང་ཆེན་གཞན་དུ་ཤེས།།
སྤང་རྩི་སྤུན་གསུམ་བྱ་བ་ནི།།སྤང་རྩི་དོ་བོ་ལུག་རྩི་དང༌།།སྤང་རྩི་འབྱར་བག་ཅན་ཡིན་ནོ།།སྤང་རྩི་དོ་བོ་ཁ་ལུང་སྐྱེས།།ལོ་མ་འདབ་མ་ཉ་ག་མེད།།སྡོང་བུ་རིང་ལ་མེ་ཏོག་དཀར། །རྒས་པ་མི་རྒན་མགོ་བོ་འདྲ།།བདུད་རྩི་བེར་ཀ་ཞེས་ཀྱང་ཟེར།།རོ་ནི་ཁ་ལ་རྩུབ་པ་ཡིན།། རང་གི་ནུས་པས་ཆུ་ཤོར་དང༌།།རིམས་འཁྲུགས་དུག་ནད་ཐམས་ཅད་དང༌།།རྨ་ཡི་ཚད་པ་སེལ་བར་བྱེད།།སྤང་རྩིའི་ལོ་མ་ཞོ་ལྔ་དང༌།། ཤེལ་དང་དཀར་པོ་དོམ་མཁྲིས་དང༌།།གྲེ་གུ་གསེར་ཐིག་ལ་ཆུ་བ།། བོང་ང་དཀར་པོ་རྣམ་པ་ལྔ།།ཞོ་རེ་ཆ་མཉམ་བཏང་བར་བྱ།།ག་བུར་གྲི་རྩེགང་བཏབ་ལ།།ཕྱེ་མ་སྦྱོར་བ་བྱས་པ་ནི།།མགོ་དང་ཡན་ལག་བྱང་ཁོག་རྨ།།འཚོ་ཞིང་ཚད་རིམས་ཐམས་ཅད་སེལ།།ཁྱད་པར་མགོ་བོའི་རྨ་ལ་བསྔགས།།མར་དང་སྦྱར་ལ་ཁོང་དུ་བཏང༌།།ཆུ་སེར་རྣག་ཁྲག་གཅོད་པར་བྱེད།།ལུགརྩི་དོ་བོ་ཞེས་བྱ་བ།།ས་དྲི་བཟང་བོའི་སྤང་ལ་སྐྱེས།།ལོ་མ་ཕྲ་ལ་བལ་དང་བཅས།།མེ་ཏོག་ནག་པོ་དྲི་ཞིམ་བྲོ།རང་གི་ནུས་པས་ཚད་རིམས་སེལ།།གོང་ལྟར་རྨ་རྣམས་འཚོ་བར་བྱེད།།
སྤང་རྩི་འབྱར་བག་ཅན་ཞེས་པ།།ས་བཟང་སྤང་རི་དག་ལ་སྐྱེས། །ལོ་མ་ས་འགེབས་ཉ་ག་ཅན།།འབྲས་བུ་ནག་པོ་རྩ་བ་ཕྲ།།ལྡུམ་བུ་རུ་རྟ་ཞེས་ཀྱང་བྱ།།སྤང་རྩི་འབྱར་བག་ཅན་ཞེས་བྱ།།རིམས་དང་ཚད་ནད་ཐམས་ཅད་དང༌།།མི་ཕྱུགས་ཆུ་ཤོར་ནད་རྣམས་དང༌།།རྨ་དང་གཅོང་ནད་མ་ལུས་སེལ།།ཁྱད་པར་ལྒང་པའི་རྩ་ནད་སེལ།། འདི་ཡི་ཡོན་ཏན་བསམ་མི་ཁྱབ།།ཁྱད་པར་སྤང་རྩི་མགོ་རྡོག་ནི།།ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ།།འུ་སུ་མ་ནུ་གཉིས་སྦྱར་བས།། བད་ཀན་སྨུག་པོའི་ནད་རྣམས་སེལ།།ཤུ་གུ་ཚེར་མ་ཅན་དང་ནི།།ར་དུག་པ་དང་སྤང་སྤོས་དང༌།།མི་རུས་རྣམསནི་སེར་ཙམ་བསྲེག། མཐུག་སྦྲེ་དང་ལྔ་བོ་སྙམས།།ལྷོག་ནད་ལྔ་བོ་གང་ཡང་རུང༌།།ཐུར་མགོ་རེ་རེ་བཏང་བར་བྱ།།སྨན་ནད་བྱུང་ན་ཐུན་ཆུང་བྱ།།སྨན་བཏང་རྗེས་ལ་སྐྱུགས་ན་ཐུབ།།ཆུ་དང་དོམ་མཁྲིས་སྦྱར་བ་བླུད།།སྦྲིད་དང་རེངས་ན་སྐྱོ་ཚ་བཏང༌།།དེ་ཡིས་མི་བདེ་རྒྱ་ཚྭ་བཏང༌།།ལྷོག་ནད་རིགས་རྣམས་གང་ཡིན་པ།།སྤང་རྩི་དོ་བོའི་སྦྱོར་བ་འདིས།།ཐེ་ཚོམ་མེད་པར་འཚོ་བར་གསུངས།།རྩ་བ་ལོ་མ་མེ་ཏོག་བཅས།།རློན་པ་བརྡུང་བའི་ཁུ་བ་ཡིས།།རོ་སྟོད་ཡན་ལག་ནད་རྣམས་སྐྱུགས།།ཕྱེ་མ་འོ་མར་སྦྱར་བཏང་ན།།ཁྲག་ཏུ་བཤལ་དང་ཚད་རྙིང་སེལ།།ཁྱད་པར་ཡི་ག་འཆུས་པ་དང༌།།བད་ཀན་སྐྱ་སེར་རྒྱས་པ་དང༌།།མཁྲིས་པ་ཤ་སེར་མིག་སེར་ནད།།དེ་ལ་སོགས་པའི་ཚད་རིམས་རྣམས།།འདི་ཡིས་འཚོ་བར་ཐེ་ཚོམ་མེད།།
ཤང་དྲིལ་སྤུན་གསུམ་དཀར་དམར་སྔོ།དཀར་དམར་རྣམ་གཉིས་ཆུ་ནང་སྐྱེས།།སྨུག་པོ་རི་ལ་སྐྱེས་པ་སྟེ།།རོ་ནི་ཅུང་ཟད་ཁ་མངར་བཅས།།ལོ་མ་ཆུ་ཤོ་འདྲ་ལ་དཀར། །སྡོང་བུ་རིང་ལ་མེ་ཏོག་ནི།།དྲིལ་བུ་གདུགས་ཆེན་ཕུབ་པ་འདྲ།།སེར་པོ་ལུ་གུ་རྐང་དམར་གྱིས།།ཆུ་སྐོལ་དང་སྦྱར་སྦོས་ནད་སེལ།།རྒྱ་བཤལ་ནད་ལ་བདུད་རྩི་འདྲ།།ཤང་དྲིལ་དམར་པོས་ཚད་པ་འཇོམས།།རྨ་ལོ(སྙ་ལོ)རྐང་གཅིག་ཁུག་རྟའི་བྲུན།།གསུམ་པོ་སྦྱར་བཏང་དམར་བཤལ་གཅོད།། དྲི་ཆུ་དང་སྦྱར་རྩ་ཁ་སྡོམ།།སྤང་རྩི་དང་སྦྱར་ཆུ་ཤོར་སེལ།།འབྲི་མོག་དང་སྦྱར་གློ་ནད་སེལ།།པྲི་ཡང་ཀུ་སྦྱར་འོ་མར་བསྐོལ།།མཆིན་པའི་ཚད་པ་འཇོམས་པར་བྱེད།།ཚེར་ནག་འབྲས་བུ་དང་སྦྱར་ན།།མཆེར་ནད་ཐམས་ཅད་སེལ་བར་བྱེད།།ཏིག་ཏ་དང་སྦྱར་རིམས་ནད་སེལ།། ཀུན་ལ་ཀ་ར་སྦྱར་བར་བྱ།།རྫ་ཆུ་གངས་ཆུས་འཕུལ་ལ་བཏང༌།། འདི་ནི་དམར་པོ་དར་ཡ་ཀན།།དབུ་བཟང་དྲིལ་བུ་དམར་པོར་གྲགས།། སྨུག་པོ་རི་དང་སྐམ་སར་སྐྱེས།།ཤང་དྲིལ་སྨུག་པོ་བྱ་བ་སྟེ།།ལ་ལས་ཤ་ཕོ་རྒྱུ་མའང་ཟེར།།རྨ་ལ་བཏབ་ན་འདྲུབ་པར་བྱེད།།ཆུ་མི་འཇིགས་པའི་སྨན་ཡིན་ནོ།༌།སྤུན་གསུམ་གཅིག་ཏུ་སྦྱར་བས་ནི།།བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ།།
བྲག་ཇ་ཧ་ལོ་བྲག་ལོགས་སྐྱེས།།ལོ་མ་ལེབ་ལ་མེ་ཏོག་ནི།།དཀར་རམ་སྨུག་གམ་སེར་བ་ཡོད།།རོ་ནི་ཁ་ལ་མངར་བ་ཡིན།། རང་གི་ནུས་པས་མཁལ་ནད་སེལ།།བུར་དཀར་དང་སྦྱར་གྲང་རླུང་སེལ།།ཚ་བ་གསུམ་སྦྱར་བད་ཀན་འཇོམས།།ལུས་ཀྱི་ནད་ཡོད་ཐམས་ཅད་དང༌།།ཚ་གྲང་གང་ཡིན་སྨན་དང་སྦྱར།།ནད་རྣམས་སེལ་བར་ཐེ་ཚོམ་མེད།།མགོ་དང་ཡན་ལག་བྱང་ཁོག་རྨ།།རྨ་ཁོང་གཉིས་སུ་བཏང་བ་ན།།རྨ་འདྲུབ་ཤའུ་གསོ་བ་ཡིན།།སྦྱོར་སྡེ་གཞན་དུ་བཤད་ལྟར་བྱ།།
  རྒྱལ་མཚན་གང་གཱ་ཆུང་གི་སྨན།།ཟུར་བཞི་ལོགས་བརྒྱད་རྩེ་མོ་དབལ།།དེ་སྟེང་མེ་ཏོག་ཡང་ཐོག་ལྡིང༌།།རོ་ནི་ཁ་ལ་ནུས་པ་བསིལ།།ཆིག་ཐང་དུག་ནད་ཚད་རིམས་སེལ།།ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས།།སེམས་ཅན་དོན་དུ་བདུད་རྩིར་བཞག།གང་གཱ་ཆུང་དང་བུར་དཀར་དང༌།།སྦྲང་རྩི་དག་ལ་གཞི་བླངས་ཏེ།།སྨན་མར་རྒྱུན་དུ་བསྟེན་པ་ན།།ལུས་སྟོབས་རྒྱས་ལ་མདངས་དང་ལྡན།།ཆང་བཟང་ནརཨེ།ན་བསྟེན་པ་དང༌།།ལུག་ཤའི་ཚོ་ཁུ་སྤོད་ལྡན་བསྟེན།།དཔའ་བོ་དཀར་སེར་གླ་རྩི་དང༌།།བོང་ང་དཀར་དང་སྦྲང་རྩིས་སྦྲུ།།དུག་ནད་མ་ལུས་སེལ་བར་བྱེད།།ཡང་ན་གླང་ཆེན་ཆིག་ཐུབ(སུ་མི་སྨན)དང༌།།རེ་རལ་ཁྱུང་སྡེར་དཀར་སྨུག་དང༌།།སྲད་མའི་ལོ་མ་སྦྲང་རྩིར་སྦྱར།།དུག་ནད་ཐམས་ཅད་འཇོམས་པར་བྱེད།།
རྩི་དམར་རྐང་གཅིག་སྲིབས་སྤང་སྐྱེས།།ལོ་མ་ཨུཏྤལ་གྱེས་པ་འདྲ།།རྩ་བ་གཅིག་ལ་སྡོང་བོ་བརྒྱ།།གསེར་གྱི་མེ་ཏོག་སྟོང་དང་ལྡན།།བདུད་རྩི་ཟིལ་བ་རྒྱུན་པར་ཆགས།།དྲི་ཞིམ་རོ་ནི་མཆོག་ཏུ་ཁ།།ཚད་པའི་ནད་ཀྱི་བདུད་རྩི་ཡིན།།ཚད་རིམས་ནད་རྣམས་སྨན་འདིས་སེལ།།ཀུན་གྱི་སྦྱོར་སྡེར་མེད་མི་རུང།།འདི་མེད་ནད་ནི་སོས་མི་འགྱུས།།རྨ་ནི་ཇི་ལྟར་ཚབས་ཆེ་ཡང༌།།འདི་བཏང་འཆི་བས་འཇིགས་མི་དགོས།།ཀ་ར་དང་སྦྱར་སྙིང་ཚད་སེལ།།གངས་ཆུ་དང་སྦྱར་འདུས་རིམས་སེལ།།ཚད་པའི་གཟེར་སྦྱོང་ནང་དུ་བཏང༌།།ཚད་ནད་མ་ལུས་འདོན་པར་བྱེད།།ཚ་ནད་བྱུང་ན་སྨན་འདི་དགོས།། གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ཨབྷི་ཥ་ནི་སྤང་ལ་སྐྱེས།།ལོ་མ་རམ་ཉེའི་ལྗང་འདྲ་རིང༌།།སྡོང་བུ་སྨུག་པོ་ལྡེམ་པ་ཡིན།།མེ་ཏོག་སྨུག་པོ་ཐུར་དུ་སྦུབས།།ར་ས་བྷི་ར་ཞེས་ཀྱང་བྱ།།མིང་ནི་ཁྱི་ལ་བ་ཞེས་བྱ་སྟེ།།རྩ་བ་སྒོག་གཅིག་མ་དང་འདྲ།།འབྲས་བུ་ཨ་རུ་ར་སྙིང་བོ།།རོ་ནི་མངར་ལ་ནུས་པ་བསིལ།།རང་གི་ནུས་པས་རྨ་རྣམས་གསོ།།དོམ་མཁྲིས་ཆུ་རྩ་དཔའ་སེར་ཀོན(པ་ཡག)།།སྦལ་རྒྱབ་ལྔ་སྦྱར་རྨ་ལ་གདབ།།མགོ་ཆག་ཇི་ལྟར་ཚབས་ཆེ་ཡང༌།།སོས་འགྱུར་འདི་ལ་ཐེ་ཚོམ་མེད།།རྒུ་དྲུས་བསྣན་པས་ཤའུ་གསོ།རྩ་ཆད་སྒོང་ང་སེར་པོ་བསྣན།།རུས་གྲུམས་སྤྱི་ཞུར་བསྣན་པར་བྱ།།ཀླད་ལུག་མུ་ཏིག་བསྣན་པས་ཆད།།སྤྱི་ཞུར་ཤེལ་ཏང་ལུག་རྩི་དོ།།བོང་བུ་ལན་ཚ་གུར་གུམ་དང༌།།རུ་རྟའི་མེ་ཏོག་སྦྲང་རྩི་སྦྱར།།རིལ་བུ་བྱས་པ་ཁོང་དུ་བཏང༌།།མགོ་སྨན་རྣམས་ཀྱི་རྒྱལ་པོ་ཡིན།།འདི་ཡི་སྦྱོར་ལུགས་དཔག་ཏུ་མེད།།ཨ་རུ་ར་དང་དྲི་ཆུར་སྦྱར།།ཤ་དུག་མྱུར་དུ་སེལ་བར་བྱེད།།ཚ་ལ་དང་སྦྱར་ཤ་དུག་སྦྱར་དུག་སེལ།།རྩ་བ་ལོ་མ་ཕྱེ་མ་ཡིས།།རྨ་རྣམས་གསོ་བར་བཤད་པ་ཡིན།།གཞན་ཡང་སྦྱོར་སྡེ་བསམ་མི་ཁྱབ།།
པར་པ་ཏ་ཡིས་མཁྲིས་རིམས་སེལ།།ཆམ་པ་གསར་བ་རིམས་གསར་དང༌།།མ་སྨིན་ཚད་སེལ་བདུད་རྩི་ཡིན།།ལོ་མ་སྔོ་ལ་ཕུང་བོ་ཆེ།།སྡོང་བོ་ཆེ་ལ་མེ་ཏོག་དཀར།།འབྲས་བུ་མོན་སྲན་དབྱིབས་སུ་འདུག།རོ་ནི་ཁ་ལ་ནུས་པ་བསིལ།།ཨ་བར་འབྲི་མོག་རྒྱ་སྐག་དང༌།། མཚལ་དང་པི་པི་ལིང་སྦྱར་སྟེ།།ཀ་ར་དཀར་པོའི་རྟ་ལ་སྐྱོན།།གངས་དཀར་ཆུ་ཡིས་འཕུལ་བཏང་ན།།ཚད་པས་གློ་བ་རྡོལ་བ་སེལ།།རིམས་ཀྱི་རིགས་ལ་སྨོས་ཅི་དགོས།།སྨིན་དུས་གཏར་ཁ་བྱ་བ་གཅེས།།གྲོ་ཟན་སྦྲང་མར་སྐམ་ཤ་བཏང༌།།དར་བ་ཆུས་སླད་སྐོམ་དུ་བཏང༌།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号