ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
སྔོ་སྨན་སྤོར་ཞེས་བྱ་བ་ནི།།ཚེ་ཆུང་རིགས་གཉིས་ཡོད་པ་ཡིན།།སྤང་སྐྱེས་སྤོར་ཆུང་དག་ཏུ་བཤད།།ཞིང་ནང་སྐྱེས་པ་སྤོར་ཆེན་ཡིན།།ལོ་མ་དམར་སྨུག་མེ་ཏོག་དབྱིབས།།མེ་ཏོག་དམར་སྨུག་རྒྱ་ཕོར་དབྱིབས།རོ་ནི་ཁ་ལ་མངར་བ་ཡིན།།ལོ་མ་མེ་ཏོག་བཅས་ཕྱེ་མ།།བསྐོལ་ཐང་འཐུང་ན་གཟེར་ཐབས་ནད།།རིམས་རྙིང་ཁྲག་འབྲུམ་ཤ་རོ་དང༌།།མིག་ནད་མ་ལུས་སྲིན་གྱི་ནད།།ཆུ་ཤོར་དང་ནི་གློ་ན་བ།།བྲང་རྒྱབ་རྩིབ་ལོགས་གཟེར་བ་དང༌།།རྐང་ལག་ལྷུ་ཆིགས་ཆུ་སེར་བབས།།གདོང་སྐྲངས་རོ་སྟོད་མཇིང་བ་དང༌།།ཚད་རྙིང་འབྱངས་དཀའི་ནད་རྣམས་སེལ།།རིམས་ནད་ཚད་པ་རྒྱས་པ་ལ།། ཁོང་དུ་བཏང་ལ་གོས་ཀྱིས་བྱིབས།།ག་བུར་རྔུལ་འབྱིན་དག་དང་འདྲ།།ཕྱེ་ཡིས་དྲིལ་ཕྱིས་བྱ་བ་གཅེས།།མང་པོ་བསྡུས་ལ་ཞུན་དུ་བྱ།།རྩ་བ་ལྔ་དང་སྦྱར་བའམ།།ཡང་ན་རང་ཉིད་རྐྱང་བར་བཏང༌།།གཅོང་ནད་སུམ་ཅུ་སོ་དྲུག་དང༌།།བུད་མེད་མངལ་ནད་མཁལ་ནད་དང༌། གཟེར་དང་ཆུ་སེར་ནད་རྣམས་སེལ།།འདི་ནི་ནོར་བུ་རིན་ཆེན་འདྲ།།སྦྱོར་སྡེ་གཞན་བྱས་ནད་གཞན་སེལ།།
སྒྲོན་ཤིང་ལྷོ་བལ་རོང་ན་སྐྱེས།།དབྱིབས་ནི་རིན་ཆེན་མཆོད་སྡོང་འདྲ།།ལོ་མ་གཡུ་ཡི་སྤྲིན་ཕུང་འདྲ།།མེ་ཏོག་དམར་པོ་མེ་ལྕེ་ཕྱེད་པ་འདྲ།།སྙིང་བོ་རོ་ནི་མངར་ལ་རྩུབ།།རང་གི་ནུས་པས་འཁྲུ་བར་བྱེད།།བསྐོལ་ཐང་འོར་ནད་སེལ་བར་བྱེད།།ཁོང་བ་སྲིན་ཞུགས་ནད་རྣམས་ལ།།ཐང་གིས་མྱུར་དུ་སེལ་བར་བྱེད།།སྒྲོན་ཤིང་རེ་ལྕག་དུད་པ་ཚ།།ཀ་ཤོ་ཀན་དྷ་རྩ་བ་དང༌།།མར་དང་འོ་མ་སྦྱར་བ་ཡིས།།ཤ་སར་མར་བཏང་སྨད་རླུང་སེལ།།ཐང་དང་མར་སྦྱར་བཏང་བྱས་ན།། ལུད་པ་དབུགས་མི་བདེ་བ་འཇོམས།།བད་ཀན་ནད་ལ་ཅུང་ཟད་གནོད།།ཤིང་ཁུན་ཛཱ་ཏི་ཤ་ཆེན་སྦྱར།།སྙིང་རླུང་ནད་རྣམས་སེལ་བར་བྱེད།།དེ་ཡི་ཐང་ཆུས་སྐྲངས་དང་རྨ།།འབྲས་དང་ལྷོག་ནད་ཤུ་འབྲུམ་དང༌།།འཚོ་དཀའི་ཐོར་བ་ལ་སོགས་འཇོམས།།སྦྱོར་སྡེ་གཞན་ཡང་དཔག་ཏུ་མེད།།
བདུད་རྩི་ད་ལི་ཞེས་བྱ་བ།།བལ་ལུ་སུར་དཀར་ཞེས་བྱ་སྟེ།།སྲིབ་མོའི་རི་མཐོ་དག་ལ་སྐྱེས། །སྡོང་བོ་དཀར་ལ་ལོ་མ་ཁམ།།མེ་ཏོག་དཀར་ལ་འབྲས་བུ་ཅན།།རོ་ནི་མངར་ལ་ཁ་བ་ཡིན།།རང་བཞིན་རོ་འཇམ་ནུས་པ་ནི།།རླུང་མཁྲིས་བད་ཀན་སྐད་འགགས་དང༌།།གློ་ནད་མ་ལུས་སེལ་བར་བྱེད།།ཕོ་རིས་པི་ལིང་བཅའ་ལྒ་དང༌།།མ་ནུ་ཀ་ར་སྦྱར་བཏང་ན།།གློ་ནད་རིམས་དང་ཕོ་བའི་ནད།། ཆམ་པ་རྙིང་བ་མ་ལུས་སེལ།།ད་ལི་བདུན་པ་སྨན་གྱི་མཆོག། སྐྲངས་འདུལ་ལུམས་ལ་འདི་ཉིད་བསྔགས།།འདི་ཡི་སྨན་སྦྱོར་བརྗོད་མི་ལང༌།།ལྷ་ཆེན་ཚངས་པའི་བདུད་རྩི་ཡིན།།
བ་ལུ་ནག་པོ་སུར་ནག་ཡིན།།བ་ལུ་དག་དང་སྐྱེས་ས་མཐུན།།སྡོང་བུ་ལོ་མ་ནག་པ་ལ།།མེ་ཏོག་དམར་ལ་འབྲས་བུ་ཅན།། རོ་ནི་ཚ་ལ་ནུས་པ་དྲོད།།བོང་དུག་ནག་པོ་ཞེས་བྱ་སྟེ།།འདི་ཡི་ལོ་འབྲས་ཆ་གཅིག་དང༌།།ཚ་བ་གསུམ་པོ་ཆ་གཅིག་སྦྱར།།གྲང་ནད་སེལ་བར་ཐེ་ཚོམ་མེད།།གག་ལྷོག་ནད་ལ་ལུམས་བྱས་ན།།བདུད་རྩི་ལྟ་བུར་འཚོ་བ་ཡིན།།གསེར་མདོག་བུ་རམ་པི་པི་ལིང༌།།སྦྱར་བས་ཕོ་བའི་གྲང་རླུང་སེལ།།ཡོན་ཏན་མང་སྟེ་བརྗོད་མི་ལང༌།།
སེ་རྒོད་མ་ཞེས་བྱ་བ་ནི།།སྲིབས་མོའི་ནགས་ཀྱི་ནང་ལ་སྐྱེས།།སྡོང་བོ་ཁོང་སྟོང་ཤུན་པ་སྨུག།མེ་ཏོག་དམར་པོ་རྩ་བ་སྨུག། འབྲས་བུ་ཆེ་ལ་རབ་ཏུ་དམར།།ནུས་པ་དྲོད་ལ་སྐམ་ཞིང་འཇམ།། རང་གི་ནུས་པས་དུག་ནད་སེལ།།སེ་རྒོད་སྐྱེར་དཀར་འོམ་བུ་གསུམ།། ཞུན་བྱས་དུག་རིགས་མ་ལུས་ཐུབ།།སེ་རྒོད་མ་དང་བྱ་རྒོད་སྤོས།། གསེར་ཤིང་བར་ཤུན་བོང་ང་དཀར།།འོམ་བུ་ཉུང་མ་ཁ་སྨུག་སྐམ།། བྲག་ཞུན་དཔའ་བོ་དཀར་སེར་དང༌།།ལྡུམ་བུ་རེ་རལ་གངྒཱ་ཆུང༌།། དར་ཡ་ཀན་ནི་སྔོན་པོ་དང༌།།ཀ་ར་དཀར་པོ་དང་སྦྱར་སྟེ།།དུག་རིགས་མ་ལུས་ཐམས་ཅད་ལ།།འདི་ཡིས་མི་ཐུབ་གང་ཡང་མེད།།སེ་རྒོད་སྙུག་མའི་ལོ་མ་དང༌།།ཧོང་ལེན་གསུམ་པོ་ཞིབ་བཏགས་ཏེ།།མེ་ལོང་སྟེང་དུ་ཞོ་དང་སྦྱར།།རྨ་ལ་བྱུག་ན་འདྲུབ་པར་བྱེད།།སེ་རུ་འདམ་བུ་ཀ་ར་དང།།ག་བྲ་བ་དང་འབྲི་མོག་དང༌།།ཤིང་མངར་སྦྲང་རྩི་དང་སྦྱར་ན།།གློ་ནད་མ་ལུས་རྣག་རྣམས་སྐེམ།།ཡི་ག་འབྱེད་ཅིང་རིམས་རྙིང་སྦྱོང༌།།བད་ཀན་ནད་རྣམས་འོག་སྒོར་འདྲེན།།བྲག་ལ་སྐྱེས་པའི་སེ་རྒོད་མ།།ལོ་སྡོང་མེ་ཏོག་འབྲས་བུར་བཅས།ཞུན་དུ་བྱས་པ་དེ་ཡི་ནང༌།།གུར་གུམ་བྲག་ཞུན་པྲི་ཡང་ཀུ།ཀ་ར་དང་སྦྱར་མཆིན་ཚད་སེལ།།ཟས་སུ་གླང་མོ་སྦྲུམ་མའི་ཤ།སྐོམ་དུ་དར་བ་ཆུ་བསླད་བཏང༌།།སྐབས་སུ་བུ་རམ་སྦྱར་བ་བཏང༌།།ཐོར་བུལི་རླུང་ཡང་ནོན་པར་འགྱུར།།
ཤུག་པ་སྤ་མ་བདུད་རྩི་ཟིལ་བ་ཅན།།ཉིན་མོའི་རི་རྩེ་མཐོན་པོར་སྐྱེས།།ལུམས་རྣམས་ཀུན་གྱི་གྲོགས་སུ་འགྱུར།།རྔུལ་འབྱིན་དག་ལ་སྤ་མ་དང༌།།སུར་དཀར་སྤེན་མའི་མེ་ཏོག་བཙོ།།འོག་ནས་བདུག་ལ་རྔུལ་འབྱུང་བ།།ཕྱིས་ཏེ་ལན་གསུམ་བསྐྱར་བ་བྱ།།རིམས་རྙིང་ལུས་ཞེན་མཆིན་ནད་དང༌།།རྐང་ལག་འཁུམས་དང་ཞ་བ་དང༌།། འཁྲུགས་ནད་ལ་སོགས་མ་ལུས་ཀུན།།བདེ་བར་འགྱུར་བ་ཐེ་ཚོམ་མེད།།ཐང་དུ་བསྡུས་པའི་ཁུ་བ་ཡིས།།ཆུ་འགགས་ནད་རྣམས་ཐམས་ཅད་སེལ།།རྒྱ་ཤུག་འབྲས་བུ་དྲོ་ལ་བརླན།།གློ་མཆིན་མཁྲིས་པའི་ནད་རྣམས་སེལ།།ཞུ་རྗེས་བསིལ་བའི་མཆོག་ཡིན་ནོ།།རྒྱ་ཤུག་ལོ་བཟང་འབྲས་བུའི་ཞུན།།མཁལ་ནད་ཆུ་སེར་ཐམས་ཅད་སེལ།།རྨ་ལ་བཏབ་ན་མྱུར་དུ་འཚོ།།བད་ཀན་ནད་ལ་ཕན་པར་འགྱུར།།
ཐང་ཤིང་སྲིབས་མོའི་ལོགས་ལ་སྐྱེས།།ཡལ་ག་ལོ་མས་ནམ་མཁལ་ཁྱབ།།མེ་ཏོག་མ་སྐམ་དུས་སུ་བཏུ།།རོ་ནི་ཁ་ལ་ཅུང་ཟད་རྩུབ།།རང་བཞིན་དྲོ་ཞིང་སྐམ་པ་ཡིན།།མེ་ཏོག་ལོ་མར་བཅས་པའི་ཞུན།།ཟོསན་ས་བོན་འཕེལ་བར་བྱེད།།སྟར་བུ་དང་སྦྱར་ལུད་པ་རྣག་ཁྲག་འདྲེན།།རྨ་ཁར་བཏབ་པས་མོ་ཡང་འདྲུབ།།སྣ་ཁྲག་འདྲེན་ཞིང་སྐེམ་པར་བྱེད།།ཐང་ཆུས་ཆུ་སེར་སེལ་བར་བྱེད།།འཕྲོད་སྨན་གཞན་སྦྱར་ནད་རྣམས་སེལ།།
རྒུན་འབྲུམ་ཤིང་ཐོག་རྣ རྒུན་འབྲུམ་ཤིང་ཐོག་རྣམས་ཀྱི་བཅུད།། རོང་གི་ནགས་ཀྱི་ནང་དུ་སྐྱེས།།ལོ་མ་སྒོར་ཆུང་སྡོང་བོ་རིང༌།།སྡོང་བོ་དབྱི་མོང་སྡོང་བོ་འདྲ།།མེ་ཏོག་དམར་ཆུང་མཐོང་བ་དཀའ།། འབྲས་བུ་དམར་སྨུག་འོད་དང་བཅས།།རོ་ནི་མངར་ལ་ཅུང་ཟད་སྐྱུར།།སྣུམ་ཞིང་དྲང(གྲང)རླན་བཅས་པ་ཡིན།།རང་གི་ནུས་པས་འཁྲུ་བ་གཅོད།།ཧ་ཅང་མང་ན་འཁྲུ་བར་བྱེད།།གློད་ནད་གློ་ནད་གང་ཡིན་ལ།།རྒུན་ཆང་སྦྲང་རྩི་སྦྱར་བས་སེལ།།གློ་ནད་རིམས་རྙིང་ཆམ་པ་དང༌།།ཚད་པས་མཆིན་པ་རྒྱས་པ་ལ།།རྒུན་འབྲུམ་བྲག་ཞུན་པྲི་ཡང་ཀུ།སྦྱར་བས་མྱུར་དུ་ཞི་བར་འགྱུར།།རྒུན་ཆང་སྙོམས་ལ་ལུསཔོ་བདེ།།བད་མཁྲིས་ནད་ལ་ཅུང་ཟད་གནོད།།རྒུན་འབྲུམ་ཆུ་ནང་བསྒྲུངས་(བགྲུངས)པ་ཡིས།།བྱིས་པའི་གློ་རིམས་ནད་ལ་ཕན།།འཕྲོད་སྨན་གཞན་དང་སྦྱར་བ་ཡིས། །ནད་རྣམས་ཐམས་ཅད་སེལ་བར་བྱེད།།ཡོན་ཏན་བརྗོད་ཀྱིས་མི་ལིང་ངོ།།
རྟ་ལྤགས་པ་ནི་རྣམ་པ་གཉིས།།རི་དང་ཀླུང་ལ་སྐྱེས་པ་ཡིན།།གཉིས་པོ་སྐྱེས་ལུགས་གཅིག་པ་ཡིན།།ལོ་མ་གྲུ་བཞི་མཐུག་པ་ལ།།འབྲུམ་བུ་ཐུག་ཐུག་ཡོད་པ་ཡིན།།སྡོང་པོ་གྲུ་བཞི་ཐིག་ཤིང་འདྲ།། མེ་ཏོག་སྔོ་དམར་དཀར་བ་ཡོད།།ཚེར་མ་དང་བཅས་ཁྱི་མཇུག་འདྲ།། དྲི་ཞིམ་སྔོ་སྨན་མཆོག་ཏུ་བཤད།།རི་ལ་སྐྱེས་པས་སྲིན་ནད་སེལ།།རོ་ནི་ཅུང་ཟད་མངར་དང་ཁ།།སྤང་སྤོས་ཕུར་དཀར་ལོ་མ་དང༌།།སྐྱི་བའི་འབྲས་བུ་སྦྱར་བ་ཡིས།།སྲིན་ནད་ཐམས་ཅད་སེལ་བར་བྱེད།།ཀླུང་དང་ནགས་ལ་སྐྱེས་པ་ཡི།།རྟ་ལྤགས་མ་ནི་དྲོ་ལ་སྙོམ།།ད་ཏྲིག་དང་སྦྱར་འཁྲུ་བ་གཅོད།།ལོ་མ་བརྡུང་ལ་རྨ་ལ་གླན།། རྨ་ཁ་གཤེར་ཞིང་འཚོ་རྐང་འདྲུབ།།ཟླ་མཚན་འབྱམས་དང་ཆུ་འགགས་སེལ།།ས་བོན་བླུག་པ་གཅོད་པའི་མཆོག།བཅུད་ལེན་དག་ཏུ་འགྱུར་བ་ཡིན།།དམུ་ཆུ་སྐེམ་པའི་མཆོག་ཏུ་བཤད།།སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ།།
མེ་ཏོག་ལུག་མིག་སྤང་དང་ཚལ་ལ་སྐྱེས།།ལོ་མ་སྔོ་སྐྱ་ཆུང་ལ་སྒོར།།སྡོང་བོ་སྨུག་ལ་རིང་བ་ཡིན།།འདབ་མ་ཨུཏྤལ་སྔོན་པོ་འདྲ།།སྙིང་བོ་ལུག་མིག་ལྟ་བུའོ།།རོ་ནི་ཅུང་ཟད་ཁ་བ་ཡིན།།ཁོང་དུ་བཏང་ན་ལྷོག་པ་འཇོམས།།ལུམས་སུ་བྱས་ན་ཀླད་ནད་འཇོམས།། བསིལ་བས་ཚད་ནད་མ་ལུས་སེལ།།དུག་ནད་སེལ་བར་བྱེད་པ་སྟེ།།ཡོན་ཏན་བསམ་ཀྱེས་མི་ཁྱབ་བོ།།
སྔོན་བུ་ཞེས་བྱ་ཁ་སྨད་སྐྱེས།།སྡོང་བུ་སྔོ་ལ་མེ་ཏོག་དཀར།།ལོ་མ་དམར་སྔོ་དགུན་མི་སྐམ།།ཤུམ་པ་བསྡུས་པས་ཤོག་གུ་འབྱུང༌།།རོ་ནི་ཚ་ལ་རྩུབ་པ་ཡིན།།ནུས་པས་ནད་རྣམས་ཐུར་དུ་འབྱིན།།སྔོན་བུ་དུར་བྱིད་དན་དྷ་དང༌།།ཐར་ནུ་ཁྲོན་བུ་རེ་ལྕག་པ།།ཆང་སྦྱར་བཏང་བས་གླང་ཐབས་བཤལ།།དུག་ལ་འོམ་བུའི་ཁུ་བས་འཕུལ།།ཁྲག་ལ་རྒྱ་ཚའི་ཁུ་བས་འཕུལ།།རིམས་ལ་སླེ་ཏྲེས་ཁུ་བས་འཕུལ།།གློ་ལ་འབྲི་མོག་ཁུ་བས་འཕུལ།།ཚད་པའི་ནད་ལ་སོགས་པ་དང༌།།བཞི་བརྒྱ་རྩ་བཞིའི་ནད་རྣམས་འཁྲུ།།རང་བཞིན་འཇམ་ལ་རྣོ་ལ་འཁྲུ།།གློ་གཟེར་རྒྱུ་གཟེར་ལ་སོགས་འཇོམས།བོང་ང་དཀར་ནག་གཉིས་ཆ་མཉམ།།ཚྭ་དང་སྐྱོ་མ་བྱས་ལ་སྐྲང་ལ་བྱུག།ལྷོག་པ་ལ་སོགས་སྐྲངས་རྣམས་འདུལ།།བཀྲུ་སྨན་དག་ཏུ་བཏང་བྱས་ན།།ཁོང་བའི་རླུང་སྐྲན་ལ་སོགས་དང༌།།ཆུ་རྒྱུས་འཁུམས་པ་ལ་སོགས་གསོ། །རྣ་འོན་ནང་དུ་ཁུ་བ་བླུག།རྣ་བས་སྒྲ་རྣམས་ཐོས་པར་འགྱུར།།སྟུག་སྐམ་ནད་ལ་ཤིན་ཏུ་རྣོ།།ཏིལ་མར་དང་སྦྱར་དུག་ནད་སེལ།།རྔོ་དང་ཤུ་བ་ལ་སྲོགས་པ།།མར་སྦྱར་བྱུག་ན་མྱུར་དུ་སེལ།།ནད་སེལ་སྨན་མཆོག་འདི་ཡིན་ནོ། །
རེ་རལ་དག་ལ་རྣམ་པ་གསུམ།།རྒྱལ་པོ་ཉིན་གྱི་བྲག་ལ་སྐྱེས།།ལོ་མ་མེ་ལྕེ་མཆེད་པ་འདྲ།།རྩ་བ་གཡུ་སྦྲུལ་འཁྱིལ་བ་འདྲ།།རོ་ནི་ཅུང་ཟད་མངར་ལ་བསིལ།།ཆུ་ལ་བསྡུས་ལ་ཕྱེད་ཙམ་སྐམ།།མང་ཉུང་ཙིརན་ཚོད་དང་སྦྱར། །རྨ་ལ་ཆུ་ཡིས་མི་གནོད་ཅིང༌།།སྙིང་གི་ཚད་པ་འདིས་སེལ་འགྱུར།།དུག་ནད་ཐམས་ཅད་སེལ་བར་འགྱུར། །བློན་པོ་ཉིན་གྱི་བྲག་ལ་སྐྱེས།ཡང་ན་སྤང་དང་ཤིང་ལ་སྐྱེས།།ལོ་མ་ཁ་དབྲག་འབྲེལ་ཁ་ཅན།།ཤིང་མངར་དང་སྦྱར་གློ་ཚད་སེལ།།ལུག་མུར་དང་སྦྱར་རྙིང་བའི་ངིམས་ཚད་སེལ།།བྲག་ཞུན་དང་སྦྱར་མཆིན་ནད་སེལ།།བུ་རམ་དང་སྦྱར་བད་ཀན་སྐྱ།མིག་ཕུགས་ཆུ་ཤོར་ནད་ལ་ཕན།།འབྲས་བུ་སྐྲངས་ལ་བདུད་རྩི་འདྲ།།བུ་རམདང་སྦྱར་འོ་མས་འཕུལ།།མཆིན་ནད་སྐྲན་དང་མཁལ་ནད་སེལ།།ཆུ་དང་སྦྱར་ན་ཆུ་འགགས་སེལ།།བཙུན་མོ་བྲག་གི་སེར་གར་སྐྱེས།།ལོ་མ་གསེར་གྱི་ཐིག་ལེས་བརྒྱན།།སྐོལ་ཐང་མཆིན་པའི་ཚད་པ་དང༌།།མཆིན་ནད་མཆིན་དྲི་འགྲམས་ལ་ཕན།།རྨ་ལ་བཏབ་དང་ཁོང་དུ་བཏང༌།།སྦྲང་དང་བུ་རམ་གདབ་པར་བྱ།།བད་ཀན་དུག་ནད་ཕོ་བ་ན།།མཆིན་སྐྲན་མཁལ་རྐེད་རླུང་ནད་སེལ།།ཡང་ན་ཆང་གིས་འཕུལ་ལ་བཏང༌།།འདིས་ནི་གསོ་དཀའི་རྨ་རྣམས་འཚོ།རྣག་སྐེམ་དག་གི་མཆོག་ཏུ་བཤད།།
གཡའ་ཁྱི་སྔོན་པོ་རི་གཉན་གངས་ལ་སྐྱེས།།ལོ་མ་མེ་ཏོག་སྔོ་ལ་ཅུང་ཟད་སྐྱ།རོ་ནི་ཁ་ལ་ནུས་པས་ནད་རྣམས་སྐྱུགས།།ཆིག་ཐང་བཏང་བས་སྙིང་གི་ཚད་པ་སེལ།།འཐིབ་ཅིང་མྱོས་པའི་ཚད་པ་དང༌།།བརྒྱལ་ཞིང་འབོག་བའི་སོ་ཚད་པ་ལ།།ར་ཁྲག་སྐག་ཁུའི་ནང་དུ་སྦྱར།།སྨན་གྱི་ཐུན་ནི་ཆེ་བར་བཏང༌།།སྙིང་གི་ཚད་པ་སེལ་བ་ལ།།འདི་ཡི་གོང་ན་སྨན་གཞན་མེད།།སྦྱོ་སྡེ་གཞན་སྦྱར་ནད་གཞན་སེལ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号