ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
དར་ཡ་ཀན་ལ་རིགས་ལྔ་ཡོད།།ཀླུང་ཤོད་སྐྱེས་པའི་དར་ཡ་ཀན།།མེ་ཏོག་དམར་པོ་ལོ་མ་སྔོ།།སྡོང་བུ་སྨུག་པོ་ཅུང་ཟད་རིང༌།།ལོ་མ་དམར་པོ་ཧ་ལོ་ཟེར།།རི་གཉན་མགུལ་སྐྱེས་དར་ཡ་ཀན།།མེ་ཏོག་སྔོན་པོ་མདངས་དང་ལྡན།།ལོ་མ་ཅུང་ཟད་ཉ་ག་ཅན།།ཆུ་མིག་ནང་སྐྱེས་དར་ཡ་ཀན།།ལོ་མ་སྡོང་བུ་མེ་ཏོག་གསུམ།།གསུམ་གའི་དབྱིབས་དང་འདྲ་བ་ཡིན།།ལ་ལས་ཆུ་སྡོམ་ཞེས་ཀྱང་བྱ།།ཁྱད་པར་ཆུ་སྐྱེས་གང་ཡང་རུང།།རིགས་ལྔ་ངེས་པ་མེད་པ་སྟེ།།ལོ་མ་མེ་ཏོག་དུས་སུ་བཏུ།།ཕྱེ་མ་ཞིབ་བཏགསདར་ལ་བཙགས།།དོམ་མཁྲིས་སྐྱེར་ཤུན་སུབས་མ་སྦྱར།།མགོ་བོ་ཚབས་ཆེར་ཆག་གྱུར་ཀྱང༌།།རྨར་བཏབ་སྦྲང་མས་ཕྱི་ཚགས་བྱས།།ཁོང་དུ་བཏང་ན་སོས་པ་མགྱོགས།།རྩ་ཆད་མཐུད་དང་ཀླད་རལ་སོས།།ཆུར་བསྡུས་ཁོང་བཏང་མ་ཞུ་སེལ།།རྩ་བ་གདབ་ལ་ཆང་དུ་བསྐོལ།།འཐུང་བས་ཡོག་མོ་སྐྲངས་པ་རྡོལ།།བུ་རམ་དང་སྦྱར་གྲང་རླུང་འཇོམས།།ཉམས་ཆུང་ཕོ་བའི་མེ་དྲོད་བསྐྱེད།། གཞན་ཡང་སྦྱོར་སྡེ་ཀུན་དང་སྦྱར།།ནད་རྣམས་ཐམས་ཅད་སེལ་བར་བྱེད།།
ཐ་རམ་ཞིང་ནང་ལམ་ཁར་སྐྱེས།།ལོ་མ་སྲབ་ལེབ་ཀོ་མཐིལ་འདྲ།།འབྲས་བུ་འདམ་བུ་ཀ་ར་འདྲ།།རོ་ནི་མངར་ལ་སྐོམ་དང་བཅས།།ཚོད་མས་བད་ཀན་ནད་རྣམས་སེལ།།རང་གི་ནུས་པས་བཤལ་བ་གཅོད།།རྨ་རྣམས་འདྲུབ་ཅིང་རྣག་རྣམས་སེལ།།ཐ་རམ་བྲེ་ཀ་ར་ཁྲག་སྦྱར། །མེས་ཚིག་རྨ་ལ་བདུད་རྩི་འདྲ།།རྐྱང་རྒྱུག་འབྲུམ་བུ་ནག་ལ་ཕན།།སྐག་ཁུ་དོམ་མཁྲིས་དང་སྦྱར་ནས།།ཟླ་མཚན་འབྱམས་པ་མྱུར་དུ་གཅོད།།སྦྱོར་སྡེབས་ནད་རྣམས་ཐམས་ཅད་སེལ།།རི་ཤོའི་རྩ་བ་དང་སྦྱར་ན།།བད་ཀན་ནད་རྣམས་སྐྱུགས་པར་བྱེད།།རྨ་གསུམ་ལ་བཏབ་མྱུར་དུ་འཚོ།།སྐྲ་བཟང་དང་སྦྱར་རིམས་ནད་སེལ།།འབྲས་བུ་ཆུ་སྦྱར་གློ་ནད་སེལ།།
ཤེའུ་ལྒེ་དར་ཞེས་ཀྱང་བྱ།།རྒྱང་ཤོག་པ་ཞེས་བྱ་བ་དེ།།རི་ཡི་ནང་ལ་ཆུ་ལ་སྐྱེས།།ལོ་མ་ཆེ་ལ་སྡོང་བུ་སྤུན།།མེ་ཏོག་སེར་བོ་བར་སྣང་ཁེངས།།འབྲས་བུ་པདྨའི་ས་བོན་འདྲ།།རོ་ནི་མངར་ལ་ཁ་བ་ཡིན།།རང་གི་ནུས་པས་བད་ཀན་སྐྱུགས།།ཞུ་རྗེས་བསིལ་དུ་འཇུ་བ་ཡིན།།རྨ་རྣམས་འདྲུབ་ལ་རྩ་ཁ་འཛིན།།སྐོམ་དད་ཆུང་ལ་ཆུས་མི་འཇིགས།།རིམས་རྙིང་འབྱང་དཀའ་མྱུར་དུ་སེལ།།གྲང་རླུང་ནད་ལ་དུག་དང་མཚུངས།།ཚ་ནད་སེལ་བའི་སྡེ་ཡིན་ནོ།རྒུ་དྲུས་དང་སྦྱར་ཤ་དུག་གསོ།རྨེན་གཅོད་རྩ་ཁ་འཛིན་པར་བྱེད།།བྲག་སྤོས་འབྲི་མོག་ཨུཏྤལ་ལ།།སྤྱི་ཞུར་དག་དང་སྦྱར་བྱས་ནས།།བྱང་ཁོག་སྟོད་དུ་རྨ་བྱུང་ནལ།གློ་སྙིང་ཚད་པ་སྐྱེས་པ་དང༌།།ཐིགས་སྡོད་རྩང་པ་གཟེར་བ་སེལ།།ཁྱད་པར་ལུད་པ་ཁྲག་རྣག་འབྱུང་བ་སེལ།།འདི་ཡི་ཡོན་ཏན་བསམ་མི་ཁྱབ།།
བོང་རྣ་བ་ནི་བྲག་ལ་སྐྱེས།།ཡང་ན་ན་བ་དག་ལ་སྐྱེས།།ལ་ལས་ར་དུག་པ་ཡང་ཟེར།།རྨ་ཡི་གཤེར་འཛག་གནད་རྣམས་སེལ།།ན་རམ་ཟར་མ་ཞོ་བཙོས་གདབ།།ཚ་གྲང་འཁྲུ་བ་མ་ལུས་གཅོད།།ལ་ཁྲོམ་ཁྲག་རྐང་དང་སྦྱར་ནས།།མཆིན་ནད་མ་ལུས་སེལ་བར་བྱེད།།སྙིང་གི་བྱ་ཁྱོད་རེ་རལ་སྦྱར།།མཆིན་པ་དུག་ཐབསགློ་བ་དུག་ཐབས་དང༌།།ཚད་པ་རྙིང་བའི་ནད་རྣམས་སེལ།།སྒོག་སྐྱའི་མེ་ཏོག་ཐང་སྤྱར་ནས།།ཤ་རྩ་ཀླད་རྩ་རུས་རྩ་དང༌།།སྙིང་གི་རྩ་ཆད་མཐུད་པར་བྱེད།།འོལ་མོ་སེ་དང་བྱི་ཏང་ཀ།ཕུར་མོ་དཀར་མོ་དང་སྦྱར་བས།།སྲིན་ནད་ཐམས་ཅད་འཇོམས་པར་བྱེད།།རྒྱུ་ནད་འབྲུམ་བུ་དམར་པོ་དང༌།།བེའུ་སྣབས་འཁྲུ་དང་རྡེའུ་ནད་སེལ།།གཞན་ཡང་དུག་ནད་ཀུན་ལ་ཕན།།སྡེར་མོ་བྱ་ཁྱུང་ཤ་ལ་ཡུ་རིང་དང༌།། སྤྲེའུ་ཤིང་སེ་རྒོད་སྤང་རྒྱན་དཀར།།སྤང་རྩི་དོ་བོ་དང་སྦྱར་ནས།།ཤ་དུག་ནད་རྣམས་སེལ་བར་བྱེད།།ལྗང་མ་རེག་ལྕགས་(རེ་ལྕག)མེ་ཏོག་དང༌།།རྒྱ་ཚའི་ཐང་བཏང་མ་ཞུ་ཆུ་སྲི་སེལ།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ཆུ་འགྲམ་སྐྱེས་པའི་སྒ་ཆུང་བ།།ལོ་མ་སྡོང་བུ་སྔོ་སྐྱ་སྤུན།།མེ་ཏོག་སེར་པོ་གུར་གུམ་འདྲ།།རང་གི་ནུས་པས་ཤ་དུག་སེལ།།རོ་ནི་ཁ་ལ་ཅུང་ཟད་བསྐ།།མཁན་སྐྱའི་ལོ་མ་བརྡུངས་པ་དང༌།།རྒྱ་སྐག་ཞུ་མཁན་བསྲེས་ལ་བཏུལ།།རྟ་གླང་སེར་ཁ་ལོར་ལོན་བཏུལ།།ཁུ་བ་དེ་གཉིས་བསྲེས་སྦྱར་ལ།།སུན་རེ་བླུད་ལ་ཉལ་བར་བྱ།།ཉམས་སྟོབས་ཆེ་ཆུང་དང་སྦྱར་ལ།།ཆུ་ནང་རྡོ་ལ་གླན་པར་བྱ།།རྩ་ཆེན་ཆད་དང་མངལ་རླུང་དང༌།།བད་ཀན་མཚོ་རལ་གློ་རྡོལ་དང༌།།སྣ་ཁྲག་ལུག་པ་གཅོད་པར་བྱེད།།སྦྱོར་བ་གཞན་གྱིས་ནད་རྣམས་སེལ།།ཡོན་ཏན་བསམ་གྱིས་མི་ཁྱབ་བོ།།
གཟེ་མ་རྒྱ་ཤོད་བྱེ་མར་སྐྱེས།།ལོ་མ་སྡོང་བོས་ས་གཞི་ཁྱབ།།མེ་ཏོག་ཆུང་ངུ་མཐོང་བ་དཀའ།།འབྲས་བུ་ཚེར་མ་ར་མགོའི་དབྱིབས།། རོ་ནི་མངར་ལ་བྲོ་ཞིང་རློན།།རང་གི་ནུས་པས་གྲང་རླུང་སེལ།།རྩ་བ་ལྔ་ཡི་ཕྲུ་རོ་①བཟང༌།།འདི་མེད་ལྔ་བོས་ནད་མི་སེལ།།ངོ་ཤིག་ཁབ་དང་གླང་ཤུ་དང་།།མར་སྦྱར་བསྐུས་ན་དེ་དག་སེལ།།གཟེ་ཆང་རླུང་ནད་རེངས་འཁུམས་དང༌།།མཁལ་ནད་གྲུམ་བུའི་ནད་ལ་བསྔགས།། ཐང་གིས་ཕུལ་བས་གྲང་རླུང་དང༌།།བད་ཀན་ལ་སོགས་ རླུང་ནད་དང།། ཆུ་འགགས་འོར་དང་སྐྱ་རྦབ་སེལ།།སྨན་གཞན་སྦྱོར་བས་ནད་གཞན་སེལ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号