ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
 
①མ་ཡིག་ཏུ་དབུ་མེད་ལངོནེ་འདི་འདྲ་འདུག་པ་སྐུངས་སམ་དཔྱད།
 
སྔོ་སྨན་རྒྱལ་པོ་རིན་ཆེན་ནི།།བདུད་རྩི་ཨ་བ་ཞེས་བྱ་སྟེ།།སྤང་ལ་མི་སྐྱེས་བྲག་ལ་སྐྱེས།།ཨ་བ་དར་ལྗང་སྐུད་པ་འདྲ།།ཨ་ཝ་ཁབ་སྐྱ་གཤིབས་པ་འདྲ།།ཨ་ཝ་ཕག་གི་ཟེ་བ་འདྲ།།ཨ་ཝ་གཡུ་ཡི་ཕྲན་གཤིབས་འདྲ།།མེ་ཏོག་འབྲས་བུ་གང་ཡང་མེད།།རོ་དྲུག་གང་ཡང་མེད་པ་ཡིན།།ནུས་པས་མིག་ནད་སེལ་བ་དང༌།།རྨ་རིགས་གང་རུང་སེལ་བར་བྱེད།།འདུ་བ་བཞི་བོའི་ནད་སེལ་འགྱུར།།དེ་ཡི་སྦྱོར་བ་བསྟན་པ་ནི།།ཨ་ཝ་ལྕགས་ཕྱེ་སྦྲུལ་ཤ་དང༌།།པུ་ཤུད་མིག་སྨན་ཡུང་བ་དང༌།།སྐྱེར་བའི་ཁནྡ་སག་རྩི་སྦྱར །།རྣག་དང་རྨ་བྱུང་རྨེན་ངན་དང༌།།ལིང་ཏོག་སྐྱ་རིབ་ལ་སོགས་པ།།ཁྱེའུའི་ནུ་ཞོ་དང་སྦྱར་བྱུག།མིག་ནད་མ་ལུས་སེལབར་འགྱུར།།སྨན་མར་བྱས་ལ་ཁོང་དུ་བཏང༌།།ཡེ་ཤེས་སྤྱན་དང་ལྡན་པར་འགྱུར།།ཨ་ཝ་དོམ་མཁྲིས་རྒུ་དྲུས་དང༌།།སེར་པོ་ཁྲག་རྐང་ཆུ་རྟ་མོ།།སྤྱི་ཞུར་སེ་འབྲུ་སུམ་ཅུ་ཏིག།རེ་རལ་མཚལ་དཀར་ཕྱེ་མ་སྦྱར །།སྦྲང་རྩི་དང་སྦྱར་རྨ་ལ་གདབ།།ཁོང་དུ་བཏང་ལ་སྤྱོད་ལམ་གཟབ།།ཁ་ཟས་རིགས་པས་དཔྱད་ཅིང་བསྟེན།།རྨ་ཡི་ནད་རྣམས་འཚོ་བར་འགྱུར །།བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན།།
སྤང་སྤོས་ཞེས་བྱའི་དྲི་བསུང་ཞིམ།།སྲིབ་རི་སྤང་ལ་སྐྱེས་པ་ཡིན།།ལོ་མ་གཡུ་ཡི་གཞོང་པ་འདྲ།།སྡོང་བུ་རིང་ལ་མེ་ཏོག་དམར།། ལུང་བ་དྲི་ཞིམ་སྤོས་དྲིར་འགྱུར།།དེ་ལ་ལྷ་རྣམས་རྟག་ཏུ་གནས།། བགེགས་ཀྱི་བར་གཅོད་འབྱུང་མི་འགྱུར།།རོ་ནི་ཅུང་ཟད་ཁ་བ་ཡིན།། རང་གི་ནུས་པས་ཚད་རིམས་དང༌།།གག་ལྷོག་སྲིན་ནད་རྩ་ནད་འདྲེན།།ནད་རྣམས་གང་ཡིན་དེ་དག་ལ།།སྣ་རུ་བདུག་ལ་ཁོང་དུ་བཏང༌།།བྱུག་པ་བྱས་ལ་སོས་པར་འགྱུར།།ཚད་རིམས་ནད་ལ་སྤང་སྤོས་དང༌།།ག་བུར་ནག་པོ་ཙནྟན་དང༌།།འབྲས་བུ་གསུམ་དང་ཏིག་ཏ་དང༌།།མ་ནུ་བཞི་དང་སྦྱར་བ་ལ།།ཐང་དུ་བསྡུས་ཏེ་བཏང་བྱས་པས།།ཚད་རིམས་ནད་རྣམས་སེལ་བར་བྱེད།།གོས་ཀྱིས་བྱིབས་ལ་རྔུལ་འབྱིན་བྱ།།ནད་རྣམས་གང་ཡིན་སེལ་བར་བྱེད།།གག་ལྷོག་ནད་རྣམས་གང་ཡིན་ལ།།གླ་རྩི་བ་སྤྲུ་ཤེལ་དང་དཀར ། །ལུག་མིག་སེར་པོ་བཙན་དུག་དྲུག།ལྔ་བོ་ཆ་མཉམ་བཙན་དུག་ནི།།སྲན་མ་ཆུང་ངུའི་ཚད་ཙམ་བཏང༌།།ལོ་བརྒྱད་བྱིས་པའི་ཆུ་ཡིས་ཕུལ།།བྱུག་པ་བྱས་ལ་འདྲེ་ཅན་འཛེམས།།གག་ལྷོག་ནད་རྣམས་སེལ་བར་བྱེད།། དཀར་གསུམ་ཟས་ཀྱང་འཛེམ་པར་བྱ།།སྤང་སྤོས་ཤིང་ཀུན་གུ་གུལ་ནག།རྨེ་རུ་རྩེ་དང་ལང་ཐང་རྩེ།།ཐང་ཁྲོམ་ཤ་བའི་ཁྲག་དང་སྦྱར།། ཁོང་དུ་བཏང་བས་སྲིན་ནད་སེལ།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ལྕུམ་ནི་རྫ་བྲག་དག་ན་སྐྱེས།།ཆེ་ཆུང་འབྲིང་གསུམ་ཡོད་པ་ཡིན།།ལོ་མས་ས་གཞི་གནོན་པ་ཡིན།།སྡོང་བུ་ཁོང་སྟོང་རིང་ལ་ལྡེམ།།མེ་ཏོག་དམར་པོ་སྤུངས་པ་འདྲ།།འབྲས་བུ་ཟུར་གསུམ་བད་ཀན་སེལ།།རོ་ནི་སྐྱུར་ལ་རྩུབ་པ་ཡིན།།ལོ་མའི་ནུས་པས་བད་ཀན་སེལ།།རྩ་བའི་ནུས་པས་རྨ་རྣམས་གསོ།སྤྱི་ཡི་ནུས་པས་འཁྲུ་བར་བྱེད།།མིང་ནི་རྣམ་གྲངས་བཅུ་གཅིག་ཡོད།།པདྨ་སྤྱི་རི་སྤྱི་ཡི་མིང༌།། ལྗམས་པ(ལྕམ་པ)དང་ནི་ཡུང་བ་དང༌།།གསེར་ཤིང་བར་ཤུན་ཞོ་སྦྱར་བྱུག།ཡན་ལག་སེར་པོས་སྐྲངས་པ་སེལ།།དེ་རྗེས་མར་དཀར་དག་ཀྱང་བྱུག།སྐྲངས་པ་འཇིབ་ལ་ཤ་འུ་གསོ།།ནུས་པ་འཕྲལ་དུ་འབྱུང་བ་འོ།།པདྨ་རྩ་རི་ཨ་རུ་ར། །ར་དུག་པ་ཡི་མེ་ཏོག་དང༌།།ཤ་མ་དུར་བྱིད་བཞི་སྦྱོམ་གྱིས།།ཁོང་ལྷོག་གཟེར་ཐུང་འཇོམས་པར་བྱེད།། ཡང་ན་ཉིས་སྦྱོར་དྲག་པོ་སྟེ།།པདྨ་རྩ་རི་ཆ་གཅིག་དང༌།།ཤ་མ་དུར་བྱིད་ཆ་གཅིག་སྦྱར ། །གཟེར་ཐུང་ནད་རྣམས་སེལ་བར་བྱེད།།པདྨ་རྩ་རི་ཚ་དང་སྦྱར། །ཡན་ལག་བསྣད་པར་གྱུར་པ་ཡི།ལྤགས་ནད་སྤྲིན་ལྟར་བྱེར་བ་སེལ།།པདྨ་རྩ་རི་བུ་རམ་དང༌།།ད་ཏྲིག་སྙ་ལོ་རྩ་བ་སྦྱར །།ཁོང་ནད་རྒྱུ་ལོང་རྣམས་ལ་ཕན།།སྦྱོངས་རྣམས་གང་ཡིན་ཐམས་ཅད་ལ།།པདྨ་རྩ་རི་བཏབ་བྱས་ན།།རྩམ་པ་འཛིན་ཅིང་ཆུས་མི་འཇིགས།།འདི་མེད་སྦྱོངས་དཀའ་མི་གཏོང་ངོ༌།།འདི་ཡི་སྦྱོར་སྡེ་བསམ་མི་ཁྱབ།།
གཉན་ཐུབ་ཅེས་བྱ་སྲིབ་མོར་སྐྱེས།།ལོ་མ་གཡུ་བུན་འཐིབས་པ་འདྲ།།འདི་ཡི་ཕྱེ་མ་ར་འོས་སྦྲུ། །སྐྲངས་པ་མཁྲེགས་པ་ཞི་བར་བྱེད།།ཁྱི་སྦྲེ་དང་སྦྱར་ལྷོག་ཐབས་ཐུབ།།རོ་ནི་ཅུང་ཟད་ཁ་བ་ཡིན།།བུ་ག་དགུ་ནས་ཁྲག་འཛག་དང༌།།ལུས་ཀྱི་རྨ་རྣམས་ཁྲག་འཛག་ལ།།འདིས་ནི་མི་ཐུབ་གང་ཡང་མེད།།མཛེར་བ་སེལ་བའི་སྨན་གཅིག་ཡིན།།དུག་སྦྲུལ་བཟུང་ཀྱང་དཀྲིས་པས་ཐུབ།།གཉན་ནད་རིགས་ནི་གང་ཡང་རུང༌།།ཁོང་དུ་བཏང་ནས་ཧོམ་བྱས་ན།།འདི་ཡིས་མི་ཐུབ་ནད་རྣམས་མེད།།འདི་ཡི་ཡོན་ཏན་བསམ་མི་ཁྱབ།།
བྱ་བྲ་པད་ཀྱི་རྩ་བ་ནི།།ར་འོའི་ནང་དུ་བསྐོལ་བྱས་ན།།བུ་རམ་བཅའ་སྒ་ཨ་རུ་ར།རྒྱམ་ཚྭ་དག་དང་སྦྱར་བྱས་ནས།།ཕོ་བའི་མ་ཞུ་བད་ཀན་དང༌།།སྐྲན་དང་ལྕགས་དྲེག་རྙིང་པ་དང༌།།སྦྱོར་བ་འདི་ཡིས་འཁྲུ་བར་འགྱུར །།རྗེས་ལ་ཉེས་མེད་ནག་ཐུག་དང༌།།རྐྱང་བའི་ཕྱེ་མས་གྲེ་བའི་ཐོར་བ་འཇོམས། །བྱ་བྲ་པ་ནི་སྤྱང་ཚེར་ལོ་མ་སྦྱར།། གྱེན་དུ་འདྲེན་པར་བྱེད་པའོ།།ཨ་བར་བུལ་ཏོག་ཟབ་ལག་ཅན།།ར་གློ་དང་སྦྱར་འདྲེན་པར་བྱེད།།གཅོང་རྙིང་མཆིན་ནད་རྙིང་བ་ལ།། རྩ་བ་སུམ་གཉིས་སྤང་རྩི་སུམ་ཆ་སྦྱར། །ལུག་ཤ་གསར་བའི་ཁུ་བའི་ནང༌།།བཏབ་ནས་འཐུང་ན་གཅོང་རྙིང་སེལ།།བྱ་བྲ་པད་དང་གྱོ་ཚྭ་གཉིས།།ཕྱེ་མ་ཞིབ་བྱས་ཆུ་ལ་སྦྱར།།ཁྱོར་བ་གང་ཙམ་བཏང་བྱས་ན།།སྣ་ཁྲག་ལུག་པ་ཆད་པར་འགྱུར།།འདི་ཡི་སྦྱོར་སྡེ་དཔག་ཏུ་མེད།།
མིག་ནད་སེལ་བའི་ཨ་ཛ་ན།།བོད་སྐད་པུད་ཤུད་མིག་སྨན་ཟེར།།ཞིང་ནང་ས་ནག་དག་ལ་སྐྱེས།།ལོ་མ་ནག་ལ་རྩུབ་པ་ལ།།སྡོང་བུ་གྲུ་བཞི་གདེངས་ཀ་ཅན།།མེ་ཏོག་དཀར་པོ་ནམ་མཁར་འཕུར།། དར་དཀར་ཡོལ་བ་སྦྲེལ་བ་འདྲ།།འབྲས་བུ་མདོག་ནག་བཞི་བོ་ལ།། ཟུར་གསུམ་བྲ་བོ་གས་པ་འདྲ།།རོ་ནི་མངར་ལ་རྣོ་བ་ཡིན།།རང་གི་ནུས་པས་མིག་ནད་སེལ།།མིག་ལ་རྨ་བྱུང་རྣག་པ་དང༌།།རྨེན་སྐྱེས་ལིང་ཏོག་ཟུག་གཟེར་སེལ།།བད་ཀན་སྐྱརིབ་གང་ལ་ཡང༌།།མིག་ནང་བཅུག་པས་སེལ་བར་བྱེད།།མིག་ནད་སེལ་བའི་སྨན་རྣམས་ཀྱི།།རྒྱལ་པོ་དག་ཏུ་བཤད་པ་ཡིན།།འདི་ནི་ནོར་བུའི་སྙིང་བོ་ཡིན།།ཡོན་ཏན་བསམ་མི་ཁྱབ་པའོ། །
ཆུ་ཤིང་འོམ་བུ་ཞེས་བྱ་བ།།ཆུ་ཀླུང་བྱེ་མའི་ནང་ན་སྐྱེས།།སྡོང་བུ་ཁོང་སྟོང་སྨུག་ལ་རུང༌།།མེ་ཏོག་དམར་སྨུག་ཕུང་པོ་འཁྲུགས།།ལོ་མ་ཕྲ་ལ་སྔོ་བ་ཡིན།།རང་གི་ནུས་པས་དུག་ནད་སེལ།།རོ་ནི་ཁ་ལ་མངར་བ་ཡིན།།ཤ་དུག་ལ་སོགས་དུག་རིགས་ལ།།འདི་ཡིས་མི་ཐུབ་གང་ཡང་མེད།།འོམ་བུ་ཤུག་པ་བ་སྤྲུ་མཚེ །།མཁན་པ་དཀར་པོའི་ལོ་མ་རྣམས།།ཆང་ངམ་ཆུ་ཡིས་རླན་བྱས་ལ།།ཟངས་ནང་བཙོས་ལ་ཏུང་ནང་བླུག།དེ་སྟེང་སྟན་བཏིང་ནད་པ་བསྙལ།།སྟེང་ནས་གོས་ཀྱིས་ལེགས་པར་བྱིབས།།རྔུལ་དབྱུང་ཕྱིས་ན་འཁྲུགས་རིམས་ནད།།བ་སྤུ་བུ་གར་འདྲེན་པར་བྱེད།།བ་སྤུའི་སྦྱོངས་སུ་བཤད་པ་ཡིན།།འོམ་བུའི་མེ་ཏོག་བསྲེགས་ཐལ་དང༌།།ཨ་རུ་ར་དང་བོང་ང་སྦྱར།།ཕྱེ་མ་ཆུ་སྐོལལྕག་གིས་འཕུལ།།གྲེ་བ་འགགས་པའི་ནད་རྣམས་སེལ།།རང་གི་ནུས་པས་ལྷོག་པ་འཇོམས།།ཆིག་ཐང་འགོ་བའི་ནད་རྣམས་ཐུབ།།རྨ་རྣམས་འདྲུབ་པའི་དར་ཡ་ཀན།།རྨ་གསར་དུད་པས་བདུག་ན་འཚོ།།འོ་མ་ཆུ་ནང་བཙོས་བཏང་ན།།མཆེར་བའི་ནད་རྣམས་སེལ་བར་བྱེད།།ཀླད་པའི་ནད་ལ་ཤུག་ཕྱེ་བཏང༌།།གསེར་ཤིང་སེ་རྒོད་འོམ་བུ་གསུམ།།ཞུན་བྱས་བཏང་ན་དུག་ནད་སེལ། །
འབྲི་མོག་ཅེས་བྱའི་སྨན་མཆོག་ནི།།ས་ཁྲེབས་གྲམས་དག་ལ་སྐྱེས།།ལོ་མ་སྐྱ་ལ་རབ་ཏུ་རྩུབ།།སྡོང་བུ་རྩ་བ་དམར་བ་ལ།།རོ་ནི་མངར་ལ་ཅུང་ཟད་ཁ།།རང་གི་ནུས་པས་གློ་ནད་སེལ།།འབྲི་མོག་མར་དཀར་སྦྱར་བ་ཡིས།།གློ་ནད་གསར་བ་སེལ་བར་བྱེད།།འབྲི་མོག་རྒྱ་སྐག་ཐང་བཏང་བས།།གློ་ཚད་ཁྲག་སྐྱུགས་གཅོད་པར་བྱེད།།འབྲི་མོག་རྒྱ་སྐག་བཙོད་དང་ནི།།སྤང་གི་རམ་བུ་མཛོ་མོ་ཤིང༌།།དམར་པོ་ལྔ་ཡི་ཐང་གིས་ནི།།གློ་ནད་ཐམས་ཅད་སེལ་བར་འགྱུར།།གློ་ནད་གསར་བ་ཐམས་ཅད་སེལ།།འབྲི་མོག་བཙོད་དང་ཨ་རུ་ར།གློ་ལ་རིམས་བྱུང་ནད་རྣམས་དང༌།།གློ་བ་གོང་རལ་ཐམས་ཅད་འཚོ།།འབྲི་མོག་དོམ་མཁྲིས་མཚལ་དཀར་དང༌།།ཨ་བ་དབང་པོ་ལག་པ་དང༌།།ཀ་ར་དག་གི་རྟ་ལ་སྐྱོན།།མགོ་དང་བྱང་ཁོག་ཡན་ལག་རྨ།།ཇི་ལྟར་རྨས་པ་འཚོ་བར་གྱུར།།འཆི་མེད་བདུད་རྩི་ཆེན་པོ་ཡིན།། གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
འབྲི་གུ་རཏྣ་ཞེས་བྱ་བ།།ཀླུ་ཡིས་བསྟན་པའི་སྨན་མཆོག་ཡིན།།སྤང་དང་གཡའ་ཡི་མཚམས་ན་སྐྱེས།།ལོ་མ་ཁུར་མའི་ལོ་མ་འདྲ།།སྡོང་བུ་ཁོང་སྟོང་འོ་མ་འབབ།།མེ་ཏོག་སེར་པོ་གེ་སར་རྩུབ།།རོ་ནི་ཁ་ལ་ནུས་པ་བསིལ།།རིམས་ནད་མེ་ལྟར་རྒྱས་པ་ལ།།ཆིག་ཐང་བཏང་བས་འཚོ་བར་འགྱུར།།འབྲི་གུ་རཏྣ་ཏིག་ཏ་དང༌།།གསེར་ལོ་མེ་ཏོག་བ་ཤ་ཀ།ཨུཏྤལ་དུག་མོ་ཉུང་རྣམས་ནི།།ཆ་མཉམ་ཕྱེ་མ་ཆུ་སྐོལ་འཕུལ།།མཁྲིས་ནད་མ་ལུས་སེལ་བར་བྱེད།།འབྲི་གུ་ར་ན་རམ་སྙེ་དང༌།།ད་བྱིད་དཀར་དམར་ཨ་བ་དང༌།།དབང་ལག་སྤང་རྩི་སྲིན་མ་རྣམས།།རྨ་རྣམས་མ་ལུས་འཚོ་འགྱུར་ཏེ།།ཁྱད་པར་མགོ་རྨ་འཚོ་བར་འགྱུར།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号