ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
 
ས་བཅད་གཉིས་པ།དོན་མདོར་བསྟན་པ།
 
དེ་ནས་རྗེ་བཅུན་སྒྲོལ་མ་ཡིས།།གུས་པའི་ཚུལ་དུ་ཡང་དག་བཤད།།རིན་ཆེན་འཁྲུངས་དཔེའི་རྒྱུད་ནི།གསོ་དཔྱད་རྣམས་ཀྱི་རྩ་བ་འོ།།ཡིད་བཞིན་ནོར་བུ་ལྟ་བུ་སྟེ།།གསོ་དཔྱད་རྒྱུད་སྡེའི་རྩ་བ་ཡིན།།ལེའུ་བརྒྱ་དང་ཉི་ཤུ་ནི།།ཁྱོད་ལ་བསྟན་སྟེ་བཤད་པར་བྱ།།འཛམ་གླིང་ལོ་ཀ་ས་སྟེང་ན།།ག་བུར་སྨན་གྱི་རྒྱལ་པོ་དང༌།། ཙནྡན་ལ་སོགས་ཤིང་གི་སྨན།།སྔོ་ཡི་རིགས་དང་སྲོག་ཆགས་ཀྱི།། རིགས་ལས་བྱུང་བའི་སྨན་རྣམས་དང༌།།མཚལ་དང་ཁབ་ལེན་རབ་འབྱོར་དང།ཁང་ཀར་ལ་སོགས་རྡོ་སྨན་དང༌།།དེ་ལ་སོགས་ཏེ་སྣ་ཚོགས་སྨན།།གང་ཡིན་ཕྱི་ཡི་འཁྲུངས་ས་དང༌།།མཚན་ཉིད་འདྲ་ཡིག་རོ་ནུས་དང༌།།སྦྱར་ཐབས་ནད་རྣམས་གང་སེལ་བ།།དེ་དག་ཐམས་ཅད་རྒྱུད་འདིར་བཤད།།དེ་ཡང་སྨན་གྱི་རིགས་རྣམས་ཐམས་ཅད་ནི།།རྩ་བ་ལོ་འབྲས་མེ་ཏོག་ཤུན་པ་དང༌།།ཐང་ཆུ་ལ་སོགས་བཏུ་བའི་དུས་སུ་བཏུ།།འདིར་བཤད་ཡོན་ཏན་མ་ལུས་འབྱུང་བར་འགྱུར།དེ་ཡང་རྩ་བ་དཔྱིད་དུས་ནུས་པ་ཆེ།།ལོ་མའི་སྨན་ནི་དབྱར་གསུམ་དུས་སུ་བཏུ།།མེ་ཏོག་དེ་ཉིད་རྒྱས་པའི་དུས་སུ་བཏུ།།འབྲས་བུ་དེ་ཉིད་སྨིན་དུས་ནུས་པ་ཆེ།།ཤུན་པགས་དེ་ཉིད་སྟོན་དཔྱིད་དུས་སུ་ཡིན།།ཐང་ཆུ་དགུན་དུས་བཏུས་ན་ནུས་པ་ཆེ།།འདི་རྣམས་མ་ནོར་ལེགས་པར་སྦྱར་བ་ཡིན།།ནད་རྣམས་ཐམས་ཅད་སེལ་བར་འགྱུར།།ཞེས་གསུངས་སོ།རིན་ཆེན་འཁྲུངས་དཔེའི་རྒྱུད་ལས།དོན་མདོར་བསྟན་པའི་ལེའུ་སྟེ་གཉིས་པའོ།
 
ས་བཅད་གསུམ་པ།བོད་ཡུལ་དུ་སྐྱེས་པའི་སྔོ་
སྨན་ཤིང་སྨན་བཤད་པ།
 
བོད་ཡུལ་དུ་སྐྱེས་པའི་སྔོ་སྨན་ཤིང་སྨན་བཤད།།གནས་མཆོག་ཁྱད་འཕགས་ཁ་བ་ཅན་འདི་ནི།།སྨན་མཆོག་ཟིལ་བ་ཅན་དུ་རབ་གྲགས་པ།།རྒྱ་གར་རྒྱ་ནག་བལ་པོ་གསེར་གླིང་ཡུལ།།དྲུ་གུ་དོལ་བོ་ཕྲུམ(ཁྲོམ)གྱི་ཡུལ་དག་ན།།སྨན་མཆོག་འདི་དག་མི་སྐྱེས་བོད་ཡུལ་སྐྱེས།།རི་རྩེ་གངས་ཀྱི་འདབ་མ་ན།།ཆུ་དང་རྫ་བྲན་འདྲེས་པའི་ནང༌།།ལྷ་དང་དྲང་སྲོང་རྣམས་ཀྱིས་སྐྱེད།།ལོ་མ་འཐུག་ལ་སྲ་བ་སྟེ།།སྡོང་བུ་ཁོང་སྟོང་ཕྲ་ལ་རིང༌།།མེ་ཏོག་སྔོ་དང་སེར་པོ་གཉིས།།མིང་ཡང་སོ་སོར་ལྷ་ཡིས་བཏགས།།མེ་ཏོག་སྔོ་སྨུག་ཡོད་པ་དེ།།ག་བུར་ནག་པོ་ཟིལ་གནོན་ཡིན།།འདི་ཡི་ནུས་པ་སྟོབས་དག་གིས།།ཤིང་བཅུད་ག་བུར་ཟིལ་གྱིས་གནོན།།རོ་ནི་ཁ་ལ་ནུས་པ་བསིལ།།ཚད་པའི་རིགས་དང་རིམས་རྣམས་ལ།།གཅིག་ཐང་བསྡུས་ལ་བཏང་གྱུར་ན།།ནད་རྣམས་མ་སོས་ཤི་བས་ན།ཚེ་ཟད་འཆི་དུས་བབས་པ་ཡིན།།དེ་ལྟར་མ་ཡིན་འཚོ་བར་འགྱུར།རྒྱས་ཚད་མེ་ལྟར་འབར་བ་ལ།།ག་བུར་ཟིལ་གནོན་འབྲས་བུ་གསུམ།།ཐང་དུ་བསྡུས་ལ་ཁོང་དུ་བཏང༌།།གར་བབས་རྩ་ལ་དྲངས་པ་གཅེས།ཤིནུ་ཏུ་ནད་ཚབས་ཆེ་བ་ན།།ག་བུར་ནག་པོ་བཅ་དང་ནི།།ཨ་རུ་ར་དང་རྣམ་གསུམ་པོ།།ཕྱེ་མ་ཆང་གིས་ཕུལ་ལ་བཏང༌།།གོས་དྲོན་གྱོན་ལ་རྔུལ་ཡང་དབྱུང༌།།ཕྱི་ལ་ཕྱེ་ཡིས་དྲིལ་ཕྱིས་བྱ།།ཚད་པའི་ནད་རྣམས་བ་སྤུར་འདྲེན།།འདི་ནི་ཐེ་ཚོམ་མེད་པ་ཡིན།།ཡང་ན་ཚད་ནད་རིམས་ནད་དང།།འཁྲུགས་དང་བསྡོངས་པ་ཐམས་ཅད་ལ།།སྦྱོངས་ཀྱི་འོག་ཏུ་དྲངས་པར་བྱ།།སྦྱོང་སྨན་རྣོན་པོ་རྣམས་ཀྱི་སྟེང༌།།ག་བུར་ནག་པོ་གླ་རྩི་དང༌།།ཏིག་ཏ་ཧོང་ལེན་པར་པ་ཏ།།བསིལ་གྱི་སྡེ་ཚན་བཏང་བྱས་ན།།ཚད་རིམས་འཁྲུགས་ནད་ཐམས་ཅད་འཁྲུ།།ཆུ་གྲང་ལྕག་བཏང་ནད་སེལ་འགྱུར།སྡོར་མེད་ནག་ཐུག་བཏང་ན་ཆད།།ཁ་ཟས་བསིལ་ལ་འཇམ་པ་བཏང༌།།སྐོམ་ན་མཛོ་རྟོལ་ཞོ་བཏང༌།།རྣ་བ་འུར་ལ་སྨྱོ་བ་ན།།རྒོད་ཤ་ཆང་གསར་སད་མདའ་བཏང༌།།སྨིན་རྟགས་རྣ་བ་འོན་པ་དང༌།།ཁ་སྣ་མིག་ནས་ཆུ་འབྱུང་དང༌།།གར་ན་མི་འབྱུང་སྨིན་པའི་རྟགས།།དེ་དུས་གདར་བ་སྤྱད་པར་བྱ།།ཚད་རིམས་འཁྲུགས་གསུམ་སེལ་བར་འགྱུར།།འདུ་བ་རྣམ་བཞི་འཁྲུགས་གྱུར་ན།།ག་བུར་ནག་པོ་སྲང་ལྔ་དང༌།།ཁྲོན་བུ་བྲེ་གང་སྙིང་བོ་དང༌།།ཆུ་བྲེ་ལྔ་ཡི་ནང་དག་ཏུ།།ཆུ་དེ་སྨན་ལ་ཐིམས་པ་དང༌།།གླ་རྩི་ཨ་་བར་པི་ལིང་སྦྱར།།ཚནད་ཤས་ཆེའི་མི་དག་ལ།།གངས་ཆུ་བསྐོལ་གྲང་དག་གིས་ཕུལ།།གྲང་ནད་ཅན་ལ་ཆང་གིས་ཕུལ།།སྔོན་འགྲོ་རྗེས་ནི་གོང་དང་འདྲ།།ནད་སེལ་སྨན་གྱི་རྒྱལ་པོར་གྲགས།།
མེ་ཏོག་དམར་སེར་སྟོང་རི་ཟིལ་བ་ཅན།།རོ་ནི་གོང་མ་དག་དང་འདྲ།།བདུད་རྩི་ཟིལ་བ་རྒྱུན་མི་ཆད།།འབྲས་བུ་དག་ནི་གོ་སྙོད་འདྲ།།དུམ་བུར་བཅད་ན་ཁུ་བ་སེར།།འདི་ཡི་ནུས་པས་སྐྲངས་རྣམས་འཇོམས།།སྨན་འཕྲོད་གཞན་སྦྱར་ཚད་རིམས་སེལ།།སྟོང་རི་ཟིལ་གནོན་པར་པ་ཏ།།ཆུ་རྟ་མོ་དང་གཡུ་མགོ་དང༌།།ནར་(ནད)མ་སྦྱར་ཡང་ཞིབ་བྱས་ལ།།བཞི་ཀའི་ཆུ་དང་སྦྱར་བྱས་ལ།།སྐྲངས་པ་གར་བྱུང་སྟེང་དུ་བྱུག།འབྱར་དང་དམ་རྣམས་ལེགས་བྱས་ན།།ལྷོག་པ་ལ་སོགས་སྐྲངས་རྣམས་སེལ།།འདི་ནི་སྐྲངས་འདུལ་རྒྱལ་པོར་གྲགས།། ལངོནེ་①ལུག་རྩི་དོ་བོ་དང༌།།གཟེ་མའི་ཐལ་བ་སྦྲང་དཀར་སྦྱར།གར་བྱུགས་ནད་རྣམས་སེལ་བར་བྱེད།།སྨན་འཕྲོད་གཞན་གྱིས་ནད་གཞན་སེལ།།རྟ་ཕྱུགས་སྒལ་བ་རལ་བ་དང༌།།དངུལ་ཐལ་སྦྱར་བཏབ་སོས་པར་བྱེད།།ཡོན་ཏན་གཞན་ཡང་བསམ་མི་ཁྱབ།།
     སྔོ་རྒྱལ་རྩི་མཆོག་མ་ཀི་ཏ།།སྲིབས་ཀྱི་རི་ལ་སྐྱེས་པ་ཡིན།།བོད་སྐད་དུ་ནི་རྩད་ཅེས་ཟེར། །དེ་ཡི་མཚན་ཉིད་བསྟན་པ་ནི།།ལོ་མ་སྔོན་པོ་འཇམ་ལ་ཕྲ།།སྡོང་བུ་གྱེན་དུ་དྲང་བོར་སྐྱེས།།མེ་ཏོག་དཀར་པོ་ར་ལ་ཆུང།།འབྲས་བུ་ཉ་གྲོ་ཏ་ལྟར་ཕྲ།།རྩི་མཆོག་དེ་ཡི་སྐྱེས་ས་ན།།མདའ་རྒྱང་གང་བ་ཚུན་ཆད་དུ།།ག་བུར་ཙནྡན་གླ་རྩི་ཡི།།དྲི་ཞིམ་སྤོས་ངད་རྒྱུན་མི་ཆད།།སྨན་འདི་སྐྱེས་སར་དུག་མི་སྐྱེས།།ལ་ཡང་འབྱུང་བར་མི་འགྱུར་རོ།རོ་ནི་ཁ་ལ་རྩུབ་པ་ཡིན།།རང་གི་ནུས་པས་དུག་རྣམས་སེལ།།ཚད་ནད་སེལ་བའི་ག་བུར་ཡིན།།སྔོ་སྦྱོར་རྩི་སྦྱོར་ཤ་སྦྱོར་དང༌།།རྫས་སྦྱོར་རིན་ཆེན་དབྱིག་དུག་དང༌།།རེག་པའི་དུག་སོགས་བསམ་འདས་ལ།།འདི་ཡིས་མི་ཐུབ་དུག་རིགས་མེད།། གསེར་མདོག་གངྒ་ཆུང་དང་ནི།།འོམ་བུ་ཧོང་ལེན་སུམ་ཅུ་ཏིག།རེ་རལ་ཁུར་ཆུང་ཁྲོག་ཆུང་དང༌།།སེར་པོ་ཁྲག་རྐང་ཉ་མཁྲིས་དང༌།། བོང་ང་དཀར་པོ་ཀ་ར་སྦྱར།།ཕྱེ་མ་ལྕགས་ཀྱི་ཁུ་བས་འཕུལ།།ཤ་དུག་སེལ་བར་བཤད་པ་ཡིན།།གཅིགཐང་ནུས་པས་ཤ་དུག་དང༌།།ཚད་རིམས་མ་ལུས་སེལ་བར་བྱེད།།རྨ་རིགས་གསུམ་པོ་གང་ཡིན་ཡང༌།།འདི་ཡི་ཕྱེ་མ་ཨ་བ་དང༌།།དོམ་མཁྲིས་སྲན་མ་མཚལ་དཀར་སྦྱར།རྨ་རྣམས་འདྲུབ་ལ་ཤ་འུ་གསོ།ཆུ་དང་རྣག་རྣམས་སྐེམས་པར་བྱེད།།དུག་ལ་སོགས་པའི་ནད་གཞན་ལ།།སྨན་འཕྲོད་གཞན་དང་སྦྱར་བ་ཡིས།།ནད་རྣམས་ཐམས་ཅད་སེལ་བར་བྱེད།།རྩི་མཆོག་ཡོན་ཏན་བསམ་མི་ཁྱབ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号