ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
ད་བྱིད་དཀར་པོ་ཞེས་བྱ་བ།།གངས་རི་མཐོ་བའི་རྫ་ལ་སྐྱེས།།ལ་ཐོད་དཀར་པོ་ཞེས་ཀྱང་བྱ།།བྱ་རྒོད་སུག་པ་ཞེས་ཀྱང་བྱ།།རྩ་བ་ལོ་སྡོང་ཆེ་བ་ལ།།ཕྱི་ན་སྲིན་བལ་དག་གིས་གཡོགས།།བྱ་རྒོད་ཐང་ལ་བབས་པ་འདྲ།།རོ་ནི་ཁ་ལ་ནུས་པ་བསིལ།།ལྷོག་པ་འདུལ་བའི་དར་ཡ་ཀན།།ལྷོག་རིགས་གང་ཡང་འདུལ་བ་ལ།།ཆིག་ཐང་ཁོང་པར་བཏང་བྱས་ན།།སྐྲངས་ལ་ལུམས་བྱས་བདེ་བར་གྱུམ།།ད་བྱིད་དཀར་པོ་སྟག་ཤ་བ།།པདྨ་རྩ་རི་པར་པ་ཏ།།འབམ་པོ་ཨ་བྱག་གུ་གུལ་སྦྱར ། །ཆུ་གྲང་རྟ་བྱས་ཁོང་དུ་བཏང༌།།རེ་ལྕག་ཐར་ནུ་ཨ་བྱག་དང༌།།པདྨ་རྩ་རི་ཁྱི་ལུད་སྦྱར། །སྐྲངས་ལ་འབྱར་བྱས་བདེ་བར་འགྱུར། །ད་བྱིད་དཀར་པོ་བདུད་རྩི་གསུམ།།ཐ་རམ་སྤྱི་ཞུར་ཨ་བ་དང༌།།རྐང་ཆུང་བ་དང་སྟག་ཤ་བ།།སྟག་པའི་མེ་ཏོག་སེའུ་འབྲས་དང༌།།པ་པ་རི་ཀུན་དབང་ལག་དང༌།།ཆ་མཉམ་ཕྱེ་མ་ཆུས་འཕུལ་སྟེ།།ལུམས་དང་རྨ་ཚབས་གཞན་དང་འདྲ།།འདི་རྣམས་འཚོགས་པར་གྱུར་པས་ན།།མགོ་དང་ཡན་ལག་བྱང་ཁོག་རྨ།།ཚབས་ཆེན་དག་ཀྱང་མྱུར་དུ་འཚོ།།བདུད་རྩི་ཆེན་པོར་བཤད་པ་ཡིན།།ད་བྱིད་དཀར་པོ་མུ་ཟི་དང༌།།མཚལ་དང་དངུལ་ཐལ་ཚ་བ་གསུམ།།སྣ་ཚོགས་ཐལ་སྨན་སྟག་ཤ་བ།།ཞིབ་བཏགས་ཆུ་གྲང་རྟ་ལ་སྐྱོན།།ཤ་སྨྱོན་རྨེན་ངན་ཐམས་ཅད་གཅོད།ཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ཡོན་ཏན་བརྒྱད་ལྡན་ཏིང་ཁྲིས་བར་མ་འདི།།དབེན་ལ་ཉམས་དགའ་ནགས་གསེབ་དག་ལ་སྐྱེས།།རྩ་བ་དཀར་པོ་ས་གཞི་ཁྱབ་པ་སྟེ།།ལོ་མ་སྔོན་པོ་རལ་གྲི་འཕྱར་བ་འདྲ།།མེ་ཏོག་དམར་སྔོ་ལོ་མའི་སྟེང་ན་འགེབས། །འབྲས་བུ་དམར་པོ་ཤིན་ཏུ་མཛེས་པ་དེ།།ནང་ན་རིང་བསྲེལ་ལྟ་བུ་དཀར་ལ་མཁྲེགས། །རོ་ནི་མངར་བསྐ་ཁ་དང་རྣམ་གསུམ་བཅས།།རྩ་བ་ལོ་འབྲས་སོ་སོར་རྒྱས་དུས་བཏུ།།མཁས་པའི་མན་ངག་དང་ལྡན་བཀོལ་བྱས་ནས།།ཚེ་རིང་རྒས་དཀའ་སེམས་གསལ་བཅུད་ལེན་འགྱུར། །ད་བྱིད་དཀར་པོ་འབྲུ་གུ་ར་ན་དང༌།།ཞུན་ཆེན་ཞུན་ཆུང་དག་དང་སྦྱར་བྱས་ན།།
མགོ་དང་བྱང་ཁོག་ཡན་ལག་རྨ་རྣམས་འཚོ།།རྒྱ་ཚྭ་རྒྱམ་ཚྭ་ཅོང་ཟི་ཀ་རར་སྦྱར།།བད་ཀན་སྨུག་པོའི་ནད་རྣམས་སེལ་བར་བྱེད།།མ་ནུ་སྦུ་ཤེལ་པི་ལིང་ལ་ལ་ཕུད།།སྦྱར་ནས་ཐང་བཏང་བད་ཀན་སྐྱ་བོ་སེལ།།སྤང་རྩི་གཡེར་མ་བྲེ་ག་གསུམ།།རྒྱ་སྐགས་ཁབ་ལེན་སྤང་མ་ཚབ་གསུམ།།རྒྱ་ཚྭ་པད་མེ་ནིམ་པ་སྲུབ་མ་དང༌།།ལྕེ་ཚ་རྣམས་ནི་ནར་སོན་ཆང་དང་སྦྱར། །ལྟོ་སྟོང་བཏང་ཞིང་ཁ་ཟས་དཀར་བག་བསྟེན།།ཟན་དྲོན་ཆང་རྒན་སྐོམ་ཤའི་ཚོས་ཁུ་བསྟེན།། རྡེའུ་ནད་ཆུ་ལམ་དག་ཏུ་འདྲེན་པར་བྱེད།།འདི་ནི་སྔོ་ཡི་སྐྱེ་གཟུགས་རོ་ལ་སྔོ།།གསལ་སྟོན་སྦྱར་ཐབས་གཞུང་ཆེན་རྣམས་སུ་ལྟོས།།ནད་རྣམས་ཀུན་སེལ་བྲག་སྐྱེས་ག་བུར་དེ།།གཞུང་གཞན་དག་ལ་ཡུ་མོ་མདེལ་འབྱིན་ཟེར།ཉིན་མོ་སྲིབས་ཀྱི་བྲག་སྔོན་ལོགས་ལ་སྐྱེས།།ལོ་མས་བྲག་ལོགས་ཐམས་ཅད་ཁྱབ།།མེ་ཏོག་དཀར་སྔོ་དྲིལ་བུ་སྦུབས་པ་འདྲ།།གེ་སར་སེར་པོས་ཀུན་ཏུ་ནང་ནས་བསྐང༌།།དུས་གསུམ་བཏུས་ནས་གྲིབ་སྐམ་བྱས་པ་དེ།།བདུད་རྩི་འཆི་མེད་སྨན་གྱི་རྒྱལ་བོ་དེ།།ཚད་པ་དྲག་པོ་རྒྱས་པའི་མི་དག་ལ།།གངས་ཆུའི་ནང་དུ་ཐང་སྐོལ་དེ་ཡི་ནང༌།།ག་བུར་ཤིང་མངར་ཀ་ར་བཏབ་ལ་བཏང༌།། དེ་རྗེས་ཕྱེ་ཡི་སྐྱོ་ཚ་དྲོད་བླུད་ཕན།།ཚད་རིགས་གང་ཡིན་བ་སྤུའི་ཁུང་བུར་འདྲེན།།སྨན་ཐུན་ཆེར་བཏང་གོས་དྲོས་བྱིབས་པ་འདྲ།། རྔུལ་དེ་མི་ཕྱི་རང་སར་སྐེམས་སུ་གཞུག།ཚད་རིགས་རྣམ་དྲུག་སེལ་བར་བྱེད།།དྲང་སྲོང་མཁས་པ་རྣམས་ཀྱིས་ཀྱང༌།།གུར་གུམ་ཅུ་གང་ཀ་ར་གསུམ་དང་སྦྱར། །གློ་མཆིན་སྟོད་ཀྱི་ཚད་པའི་ནད་རྣམས་སེལ།།རྒྱ་སྤོས་ར་དུག་དང་སྦྱར་གག་ལྷོག་ནད་རྣམས་སེལ།།ཚ་བ་གསུམ་དང་ཙི་ཏྲ་ཀ།སྲུབ་མ་བུ་རམ་དང་སྦྱར་ན།།སྐྲན་དང་མ་ཞུའི་ནད་རྣམས་སེལ།།རེ་རལདང་སྦྱར་དུག་ནད་འཇོམས།།མར་དང་སྦྱར་ན་མཛེ་ཤུ་ཐུབ།།དྲི་ཆེན་དང་སྦྱར་མགོ་ནད་ཐུབ།།མགོ་བོ་བྱང་ཁོག་ཡན་ལག་གི།རྨ་ནི་ཆེ་ཆུང་གང་ཡང་རུང༌།།ཆུ་མི་འཇིགས་དང་རྩ་ཆད་མཐུད།།ཁོང་དུ་བཏང་དང་རྨ་ལ་བཏབ།།གང་ཡང་རུང་བ་འཚོ་བར་འགྱུར།།བུད་མེད་བྱིས་པའི་རོ་དང་བཅས།།མ་ཐོན་གྱུར་པ་གང་ཡིན་པ།།རྒྱ་ཚ་རྒྱ་རུ་དུར་བྱིད་སྦྱར།།ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །སྐྲངས་རིགས་གང་ཡིན་ཐམས་ཅད་ལ།།སྦྱོར་སྡེ་གཞན་ཡང་བཤད་ལྟར་སྦྱར།།དེས་ནི་ངེས་པར་སོས་པར་འགྱུར།།འདི་འདྲའི་སྦྱོར་གཞན་ན་མེད།།
ཀླུ་བདུད་ནག་པོ་དར་ཡ་ཀན།།བྲག་ནག་དག་གི་ལོགས་ལ་སྐྱེས།།འཛམ་བུ་གླིང་ན་དཀོན་པའི་སྨན།།ལོ་མ་ཁྲད་པོ་རྩ་བ་དཀར། །མེ་ཏོག་དཀར་དམར་སེར་སྔོ་བཞི།།གཅིག་ཏུ་ངེས་མེད་
སྐྱེས་པ་འབྱུང༌།།བསིལ་འཇོམས་རྩ་བས་སྐྱེས་ས་ན།།མེ་ཏོག་དཀར་སྔོ་གང་ཡང་རུང༌།།ཡོན་ཏན་པག་ཏུ་མེད་པ་ཡིན།།སྤྱི་ཁྱབ་སྦྱོར་ལུགས་གྲོགས་དང་ནི།།སྣ་ཁྲིད་ལྕག་གིས་སྒྱུར་བ་ནི།།བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ།།མཆོག་ཏུ་ཚ་བའི་ནད་ལ་བསྔགས།།ཚད་རིགས་གང་ཡང་རུང་བ་ཡི།།གཟེར་དང་ལུད་པ་མི་ཐུབ་ལ།།གཟེར་འབྱིན་སེར་པོ་བཞི་ཆ་ལ།།འབིགས་བྱེད་སྔོན་མོ་ཆ་གཅིག་སྦྱར། ། དར་རྩེ་དམར་པོ་ལྕག་གིས་བྲབས།།ཀ་ར་དཀར་པོའི་རྟ་ལ་སྐྱོན།། སྨན་གྱི་ཐུན་ཡང་ཆེ་བ་གཅིག།བཏང་ན་ཚད་པ་སྟོངས་ནས་ཞི་བར་བྱེད།།ལུད་པ་ཁོགས་ནས་བདེ་བར་འགྱུར། །དེ་རྗེས་སྤྲུས་ཀར་ཅུང་ཟད་བཏང༌།།ཚད་པ་རི་ཐང་མཚམས་སུ་ཕེབས་མ་ཕེབས།།བརྟག་ལ་འདི་ནི་གཅེས་པ་ཡིན།།མ་ཕེབས་སྨན་བཏང་ཕེབས་ན་གློད།།ཚད་འཇོམས་མན་ངག་སྨན་མཆོག་འདི།།ནོར་བུ་རིན་ཆེན་འདྲ་སྟེ་ཀུན་ལ་དཀོན།།
     བདུད་རྩི་ཕན་འདོགས་སྨན་གྱི་མཆོག།འགའ་ཞིག་སྟག་ཤ་བ་ཞེས་ཟེར། །ལ་ལ་རྡེའུ་ལྕོམ་ཞེས་ཟེར། །ཡང་དག་མིང་ནི་ཆུ་རྟ་མོ།།སྲིབ་མོ་ཁ་སྟོད་དག་ན་སྐྱེས།།མཚན་ཉིད་རོ་དང་ནུས་པ་བཤད།། ལོ་མ་སྡོང་བུ་དམར་ལ་སྔོ།།མེ་ཏོག་དམར་སྔོ་ཅུང་ཟད་སྔོ་ལ་རྩུབ།། སྙིང་ལ་ཟུར་གསུམ་འབྱར་རྩི་ཅན།།འབྲས་བུ་རྒྱས་དུས་འབྱར་ན་ལྗི།།རོ་ནི་ཅུང་ཟད་ཁ་མངར་ཚ།།སྟོན་ཟླ་ར་བའི་ཉ་ལ་བཏུ།།སེར་དུད་མི་བཏང་གྲིབ་སྐམ་བྱ།།གཅོད་འདྲེན་འཁྲུ་བ་ཀུན་ཀ་ཚང༌།། མགོ་བོའི་རྨ་ལ་སྦྲང་རྩི་སྦྱར།།ཚབས་ནི་ཆེ་ཆུང་གང་ཡིན་ཡང༌།།མགོ་རྨས་མི་འཆི་བརྒྱ་བྱིན་གསུངས།།བྱང་ཁོག་ཡན་ལག་རྨ་དག་ལ།། ཁོང་དུ་བཏང་ཞིང་རྨ་ལ་བཏབ།།རྩ་ཆད་མཐུད་ལ་ཆུ་རྣག་སྐེམས།། རྨ་སྨན་གཞན་དང་བསྲེས་པར་བྱ།།འབྲས་དང་རྨ་ལྡན་(རྒན)སྐྲངས་པ་ལ།།ཤ་རུ་སྤེན་ཐལ་གོ་ཐལ་སྦྱར།།བཤུལ་མཚལ་དང་སྦྱར་དེ་དག་སེལ།།ཁྱི་རྔོ་ཐོར་བ་ཤུ་བ་དང༌།།སྐོམ་པོ་བལ་ལྡོག(བས་ལྡག)ལ་སོགས་པ།།ཡང་དགོས་རེ་ལྕག་ཐལ་བ་དང༌།།ར་འོ་མར་དཀར་སྦྱར་བྱུག་སེལ།།ཆུ་སེར་ནད་རྣམས་ཐམས་ཅད་ལ།།བྲག་ཞུན་གྲེས་ཐལ་སྦྲང་སྦྱར་བྱུག།རི་གཟར་ཆུ་འདྲའི་བ་དག་དང་ནི།།བཟང་དྲུག་གྲོས་བཞི་ཚ་བ་གསུམ།།ཉ་ཕྱིས་ཐལ་སྦྱར་སྐྲན་རིགས་འཇོམས།།པི་ལིང་དང་སྦྱར་དམུ་ཆུ་སེལ།།ཆུ་དགས་(ཤུ་དག)ཀ་ར་དང་སྦྱར་ནས།།བྱང་ཁོག་ལ་སོགས་རྣག་རྣམས་སེལ།།ཅ་སྒ་དང་སྦྱར་མ་ཞུ་སེལ།།དབྱི་མོང་དང་སྦྱར་ཕོ་ལྷོག་འཇོམས།།རྒྱ་ཚ་དང་སྦྱར་ཆུ་འགགས་སེལ།།ཕ་ལ་འད་ཀའི་འབྲས་བུ་སྦྱར།།རྩ་ཆུ་འགགས་པའི་ནད་རྣམས་སེལ།།བ་ལེ་ཀ་དང་སླེ་ཏྲེས་དང༌།།སེ་བ་དམར་པོའི་འབྲས་བུ་སྦྱར།།རིམས་ནད་གསར་བ་ཐམས་ཅད་སེལ།།བུ་རམ་ཤ་ཆེན་ཛཱ་ཏི་སྦྱར།།རླུང་ནད་མ་ལུས་སེལ་བར་བྱེད།།ཤིང་ཀུན་རྟ་ལྕགས་སྒོག་སྐྱ་དང༌།།རྨེ་རུ་རྩེ་དང་ལང་ཐང་རྩེ།།བྱི་ཏང་ཀ་དང་གླ་རྩི་སྦྱར།།སྲིན་གྱི་གྲོང་ཁྱེར་སྟོངས་པར་བྱེད།།གསེར་གྱི་མེ་ཏོག་ཕོད་(ཕུད)བུ་དང༌།།བ་ཤ་ཀ་དང་ཏིག་ཏ་སྦྱར། །མཁྲིས་པའི་ནད་རྣམས་སེལ་བར་བྱེད།།ད་ལི་ཏིག་ཏ་འུ་སུ་དང༌།།སེ་འབྲུ་དང་སྦྱར་བད་ཀན་སེལ།།ཞོ་དང་སྦྱར་ལ་སྐྲངས་འབྱར་བྱ།།ལྷོག་པ་ལ་སོགས་སྐྲངས་ཐབས་སེལ།།ཐ་རམ་ན་རམ་ད་ཏྲིག་དང།།ཤ་དྲིལ(ཤང་དྲིལ)རྣམ་ཉིད་དགདངསྦྱར།།ཚ་གྲང་འཁྲུ་བ་ཐམས་ཅད་གཅོད།།སྲུང་བ་གཞན་དང་སྐེར་བཏགས་ན།།གག་ལྷོག་མཛེ་རིགས་འགོ་ནད་ཐུབ།།དངུལ་ཐལ་རེག་གཅོད་མུ་ཟི་དང༌།། གཅོད་སྨན་རྣོན་པོ་རྣམས་ཀྱི་སྟེང༌།།འབྲས་ཀྱི་ཕུངབོ་བཤིག་པར་བྱེད།།འདི་ཡི་ཡོན་ཏན་བསམ་མི་ཁྱབ།།བརྒྱ་བྱིན་ལྷ་ཡི་དབང་པོས་བཤད།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号