ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
 
①མ་ཡིག་ཏུ་དབུ་མེད་ལངོནེ་འདི་འདྲ་འདུག་པ་འཕྲུལ་འཁོར་སྐུངས་སམ་དཔྱད།
 
གསེར་ཤིང་སེར་པོ་ཞེས་བྱ་བ།།ཕ་ལ་ཏ་ཀ་ཞེས་ཀྱང་བྱ།།སྐྱེར་བ་དཀར་པོ་ཞེས་ཀྱང་བྱ།།ཉིན་སྲིས་དག་གི་མཚམས་སུ་སྐྱེས།།པགས་པ་བཤུས་ན་སྙིང་བོ་སེར།།མེ་ཏོག་སེར་པོ་མདངས་དང་ལྡན།།འབྲས་བུ་དམར་པོ་འོད་ཟེར་འབར།།རོ་ནི་སྐྱུར་ལ་ཅུང་ཟད་རྩུབ།།རང་གི་ནུས་པས་དུག་ནད་དང༌།།རིམས་རྙིང་མིག་ནད་ཐམས་ཅད་སེལ།།འབྲས་བུས་ཕོ་བ་མེ་དྲོད་བསྐྱེད།།ཁ་ཟས་འཇུ་ལ་ཡི་ག་འབྱེད།། ཆུ་སྐོལ་དང་སྦྱར་ཆུ་སྲི་སེལ།།སྦྲང་སྦྱར་མིག་ནད་ཐམས་ཅད་སེལ།། ཁན་དྷ་མིག་བྱུགས་མཐོང་བར་འགྱུར།།མཆིན་རྩ་ཆད་གསོ་མཐུད་ཅིང་སྦྱོར།།བུད་མེད་ཟླ་མཚན་འབྱམས་པ་གཅོད།།འདི་ཡིས་ནད་རྣམས་ཞི་བྱེད་པས།།སྦྱོར་སྡེ་གར་འགྲོ་ནན་ཏན་བྱ།།
དངུལ་ཤིང་སྟག་པ་སྡོང་བོ་ཆེ།།པགས་པ་མུ་ལེ་གྲུམ་ཤིང་འདྲ།།ལོ་མ་ལྕང་ལོ་ཕྲ་ལ་སྲབ།།མེ་ཏོག་ལྕུག་པ་འདྲ་བ་སྟེ།།རང་གི་ནུས་པ་སྐམ་ལ་རྣོ།།མགོ་དང་ཡན་ལག་བྱང་ཁོག་རྨ།།འདྲུབ་ཅིང་རྣག་སྐེམ་ཤའུ་གསོ།།དུག་ནད་མ་ལུས་སེལ་བར་བྱེད།།རྔོ་དང་ཤུ་བ་བལ་ལྷོག་སེལ།།མར་སྦྱར་བྱུག་པས་སེལ་བར་འགྱུར།།
གྲེས་མ་དག་ལ་རིགས་གསུམ་སྟེ།།གཅིག་ནི་བྲག་སྐྱེས་སེའུ་ལྗང༌།།གཅིག་ནི་ལུག་སྐྱེས་རྒྱ་གྲེས་མ།།གཅིག་ནི་རི་དང་སྤང་སྐྱེས་གྲེས་རྒོད་མ།།ལོ་མ་སྡོམ་ཞིང་ལེབ་ལ་རིང།།མེ་ཏོག་དམར་སྨུག་མདངས་མི་གསལ།།རྒྱ་གྲེས་འབྲས་བུ་དམར་ལ་ཆེ།།གྲེས་རྒོད་འབྲས་བུ་དམར་ལ་ཆུང༌།།བྲག་སྐྱེས་འབྲས་བུ་ཆུང་ལ་སྔོ།།རོ་ནི་ཅུང་ཟད་མངར་བ་ཡིན།།རང་གི་ནུས་པས་སྲིན་ནད་འཇོམས།།དེ་གསུམ་རྩག(བཙག)བརྡུང་ཁུ་བ་བཙིར།།མེས་ཚིག་རྨར་བསྐུས་མྱུར་དུ་འཚོ།།རྩ་བ་ཞིབ་བརྡུང་སྦྲང་དང་སྦྱར།།ཁ་གདོང་ངོ་ཤིག་སེལ་བར་བྱེད།།དེ་གསུམ་ཐལ་བ་དོམ་ཚིལ་དང༌།།ཕག་ཚིལ་མཁལ་ཚིལ་སྦྱར་བ་དེ།།སྐྲ་དཀར་བྱུགན་ནག་པོར་འགྲོ།ཁུ་བ་རྨ་ལ་བྱུག་པ་ཡིས།།ཆུ་སེར་འདྲེན་ལ་ཤ་རོ་གཅོད།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
རེ་ལྕག་ལོ་མ་མཐུག་ལ་སྣུམ།།སྡོང་བོ་ཕན་ཕན་གཤིབས་པ་འདྲ།།མེ་ཏོག་མ་གས་སེའི་ཕུང་བོ་འདྲ།།གས་དུས་དཀར་དམར་མདངས་དང་ལྡན།།རོ་ནི་ཚལ་རྩུབ་པ་ཡིན།།རང་གི་ནུས་པ་འཇམ་རྩིའི་སྨན།།རྩ་བ་ཞིབ་བརྡུང་མར་ཆང་བཙོ།།དར་རས་དག་ལ་བཙག་བྱས་ཏེ།།གཅེའུ་དང་ལྒང་པར་སྦྱར་བྱས་ལ།།འོག་སྒོ་ནས་བཏང་ཕོ་བའི་གྲང་རླུང་སེལ།།སྲིན་དང་བད་ཀན་འཁྱིལ་བ་དང༌།།སྦྱོང་འཁྱིལ་ནད་རྣམས་འོག་སྒོར་འདྲེན།།ཐལ་བ་སྦྱར་བ་ར་དམར་དང༌།།ཤུ་བ་ཀོམ་པོ་ལ་སོགས་སེལ།།སྨན་གཞན་སྦྱར་བས་གཞན་དག་སེལ།།
མེ་ཏོག་གླང་སྣ་ཉིན་གྱི་སྲིབས་ལ་སྐྱེས།།རྩ་བ་གཅིག་ལ་སྡོང་བོ་བརྒྱ།།ལོ་མ་ཕྲ་ལ་འབྲུམ་བུ་ཅན།།མེ་ཏོག་དམར་པོ་ཕྲ་བ་ཡིན།།རང་གི་ནུས་པས་རྨ་ལ་ཕན།།ལན་ཚ་དང་སྦྱར་ཁོང་དུ་བཏང༌།།ཆང་ནད་མ་ལུས་སེལ་བར་བྱེད།།ཚད་པ་མི་སྐྱེས་ཆང་ནད་མེད།།ཕྱེ་མ་ཆང་དང་མར་དུ་བསྐོལ།།དེས་ནི་དུག་ནད་རིམས་འཁྲུགས་གཅོད།།སྣ་ཁྲག་ལུག་པར་གྱུར་པ་ནི།།ཕྱེ་མ་བྱས་ལ་སྣ་ནང་བླུག།སྣ་ཁྲག་ངེས་པར་ཆད་པར་འགྱུར།།ཉ་བྲི་དག་གི་འབྲས་བུ་དང༌།།ཐར་ནུ་སྐྱུགས་ཀྱིས་ཕོ་ཁར་ཡང་།།མཁྲིས་པ་རྒྱས་པ་སྐྱུགས་པར་བྱེད།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
པ་ས་[པ]རེ་སྐོན་ས་གཞི་སྐམ་པོར་སྐྱེས།།ལོ་མ་འདབ་བཞི་ས་གཞི་མནན་པ་འདྲ།།མེ་ཏོག་སྔོན་པོ་ཅུང་ཟད་དམར་བའི་མདངས།།འབྲས་བུའི་དབྱིབས་ནི་སེམས་ཅན་སྙིང་དང་འདྲ།།སྔོ་དང་དམར་སྨུག་མདོག་གསུམ་ནི།།སྨིན་པའི་དུས་སུ་འབྱུང་བ་སྟེ།།ནད་སེལ་སྨན་གྱི་རྒྱལ་པོར་གསུངས།རོ་ནི་མངར་ལ་ཅུང་ཟད་ཁ།།བྱ་རོག་ནོར་བུ་ཞེས་ཀྱང་བྱ།།གཡག་སྙིང་བ་དང་ལུག་སྙིང་བ།།མིང་གི་གདགས་བྱ་གསུམ་དུ་ཡོད།།རང་གི་ནུས་པས་རྨ་རྣམས་གསོ།།འཆི་མེད་དར་ཡ་ཀན་དུ་གྲགས།།ལོ་མ་མེ་ཏོག་འབྲས་བུ་དང༌།། རྩ་བ་བཞི་བོ་དུས་སུ་བཏུ།།ཞུན་བྱས་ནད་ནི་གང་ཡང་རུང༌།། ཁོང་ནད་དག་ལ་ཁོང་དུ་བཏང༌།།འདི་ཡིས་མི་སོས་གང་ཡང་མེད།།མགོ་དང་ཡན་ལག་བྱང་ཁོག་རྨ།ནད་ཀྱི་སྟེང་དུ་ཕོག་པ་དང༌།།རྩ་ཆད་ལ་སོགས་གང་ཡིན་ལ།།ཞུན་དང་ཕྱེ་མ་སྦྱར་བ་དེ།།རྨ་ནང་བཏབ་ལ་ཁོང་དུ་བཏང༌།།ལྤགས་ནད་ཤ་ནད་རུས་ནད་དང༌།།རྩ་ནད་མ་ལུས་མྱུར་དུ་སེལ།།ལོ་མ་རྒྱས་དུས་ལོ་མ་བཏུ།།མེ་ཏོག་རྒྱས་དུས་མེ་ཏོག་བཏུ།།འབྲས་བུ་སྨིན་དུས་འབྲས་བུ་བཏུ།།རྩ་བའི་དུས་སུ་རྩབ་ཤིས།།ཕྱི་ཡི་ཞུན་དང་སྦྱར་བྱས་ན།།ནད་སེལ་སྨན་གྱི་རྒྱལཔོ་སྟེ།།འདི་ཉིད་རྨ་རྣམས་འདྲུབ་པར་བྱེད།།ཆུ་སེར་འདྲེན་དང་རྣག་རྣམས་སྐེམ།།ནད་སེལ་པ་ས་(པ)རེ་སྐོན་འདི།།ལྷ་དབང་བརྒྱ་བྱིན་དག་གིས་བཤད།།ལྷོག་འབྲས་རྨ་དང་ཤུ་བ་དང།།གཡན་པ་ཐོར་བ་རྔོ་ཡི་རིགས།།མདོར་ན་ནད་རྣམས་གང་ཡིན་ཀུན།།བྱུག་པ་ཙམ་གྱིས་སེལ་བར་བྱེད།།གློ་ནད་སུར་ཡ་རྣག་ཁྲག་འབབ།།དེ་ཉིད་སེལ་འདོད་ཞུན་གྱི་ནང༌།།བཙོད་དང་འབྲི་མོག་རྒྱ་སྐག་དང༌།།འདམ་བུ་ཀ་ར་ལི་ག་དུར།།ཨ་བར་རྒུན་འབྲུམ་སྟར་བུ་རྣམས།།སྦྲང་རྩི་གཡུང་དང་སྦྱར་བྱས་ནས།།ནང་རེར་རིལ་བུ་བཅུ་གསུམ་བཏང༌།།གློ་ནད་སེལ་བའི་སྨན་ཡིན་ནོ།དོན་སྣོད་གཞན་གྱི་ནད་རྣམས་ལ།།སྦྱོར་སྡེ་གང་བྱེད་ནང་དུ་བཏང༌།།དེ་དག་སེལ་བ་ཐེ་ཚོམ་མེད།།འདི་ཡི་ཡོན་ཏན་བསམ་མི་ཁྱབ།།
མེ་ཏོག་ཨ་བྱག་པ་ཞེས་བྱ།།སྲིབ་མོའི་ན་བ་དག་ལ་སྐྱེས།།ལོ་མ་སྔོ་སྐྱ་སྤུན་ལ་རྩུབ།།སྡོང་བོ་དུག་གི་ཡུ་བ་འདྲ།།མེ་ཏོག་སེར་པོ་གསེར་གདུགས་ཕུབ།།ལུག་མིག་སེར་པོ་ཞེས་བྱ་སྟེ།།ལ་ལས་མེ་གུར་གུམ་སེར།རོ་ནི་ཅུང་ཟད་ཁ་བ་ཡིན།།རང་གི་ནུས་པས་ལྷོག་པ་འཇོམས།།མེ་ཏོག་ལུག་མིག་སེར་བོ་དང༌།།རྒྱལ་པོ་རེ་རལ་སྤང་སྤོས་དང༌།།ཤུག་གུ་ཚེར་མ་ཅན་དང་བཞི།།ཆ་མཉམ་སྲན་མ་ལྔ་ཡི་ལྗིད།།བཙན་དུག་དང་ནི་རྒྱ་ཚ་གཉིས།།སྲན་མ་རེ་རེའི་ཚད་དུ་བྱ།།འདི་མིང་ཨ་བྱག་དྲུག་སྦྱོར་སྟེ།།ནག་པོ་དྲུག་སྦྱོར་ཞེས་ཀྱང་བྱ།།ལྷོག་པའི་ནད་ལ་བདུད་རྩི་འདྲ།、།ཁོང་སྨན་རྣམས་ཀྱི་རྒྱལ་པོ་ཡིན།།སྐྲངས་སྟེང་ར་དུག་ནག་པོ་དང༌།།མངར་གྱིས་ཕྱི་རུ་བྲིད་པ་གཅེས།།གྲང་རླུང་སྐྱེས་ན་སྐྱོ་ཚ་བཏང།།པི་པི་ལིང་གི་ཐང་ཡང་གཏོང༌།།ལུམས་ནི་གཞན་དང་མཐུན་པར་བཅོལ།།ལྷོག་སྐྲངས་འདུལ་བའི་གཉེན་པོ་ཡིན།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
འབམ་པོ་ཞེས་བྱའི་སྔོ་ལྡུམ་ནི།།སྲིས་མོ་སྤང་གི་ལོགས་ལ་སྐྱེས།།ལོ་མ་སྡོང་བོ་གོ་སྙོད་འདྲ།།དྲི་ནི་མནམ་ལ་རོ་ནི་རླན།།མེ་ཏོག་ཡོད་པ་མོ་ཡི་རིགས།།མེ་ཏོག་མེད་པ་ཕོ་ཡི་རིགས།།རང་གི་ནུས་པས་ལྷོག་པ་འཇོམས།།འབམ་པོ་སྤོས་དཀར་རྒྱ་ཚ་དང༌།།ར་དུག་རྣམ་བཞི་ཐུན་ཚད་ལ།།འབམ་པོ་དག་ནི་ཚོད་ཆུ་ཙམ།།སྤོས་དཀར་དག་ནི་ཚོད་སྡོར་ཙམ།།རྒྱ་ཚ་དག་ནི་ལན་ཚ་ཙམ།།ར་དུག་དག་ནི་ཚོད་ཐལ་ཙམ།།ཁོང་སྨན་དག་ཏུ་བཏང་བྱས་ན།།འདིས་ནི་ལྷོག་རིགས་མ་ལུས་འཇོམས།།རྩ་བ་རྐྱང་བ་བཏང་བྱས་ན།།བྱིས་པ་ཆུང་དང་རྒན་པོ་དང༌།།ཟུངས་ཟད་ནུས་ཤོར་མ་ཡིན་པ།།དར་མའི་ཚད་པ་འཇོམས་པར་བྱེད།།གག་ལྷོག་འབྲས་གསུམ་མ་ཡིན་པ།།གཞན་ཀྱི་ནད་རྣམས་སེལ་མི་འགྱུར།།གག་ལྷོག་འབྲས་གསུམ་སྐྲན་རྣམས་ལ།།ལུམས་བྱས་དེ་དག་འཇོམས་པ་ཡིན།།
རྒྱ་བ་ཞེས་བྱ་སྒོག་པའི་རིགས།།ཉིན་སྲིབས་སྤང་གི་ལོགས་ལ་སྐྱེས།།ལོ་མ་མཐུག་ལ་རིང་བ་ཡིན།།མེ་ཏོག་དམར་པོ་རབ་ཏུ་མཛེས།།འབྲས་བུ་ཟླུམ་པོ་སྔོ་ལ་གསལ།།རོ་ནི་ཚ་ལ་ནུས་པ་རྣོ།།རང་གི་ནུས་པས་གྲང་རླུང་སེལ།།མགོ་དང་བྱང་ཁོག་ཡན་ལག་རྨ།།ནང་བཏབ་ཁོང་བཏང་རྣག་ཆུ་འབྱིན།།ཕོ་མཆིན་མཁལ་རྐེད་ན་བ་དང༌།།སོ་ནད་རླུང་སྲིན་ནད་དག་དང༌།།ཁོང་བ་སྦོས་དང་དྲོད་ཆུང་དང༌།།འཇུ་དཀའ་ཁོང་བའི་ནད་ཀུན་སེལ།།རླུང་སྲིན་ནད་ལ་བདུད་རྩི་འདྲ།།ཞུན་བྱས་མར་སྦྱར་མཁལ་ནད་སེལ།།ཆང་བསྐོལ་ལྟོར་བཏང་གོས་དྲོན་བྱ།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
བྲ་མ་ཞེས་བྱ་ཚེར་མའི་རིགས།།ཉིན་སྲིབས་གཉིས་ཀྱི་རི་ལ་སྐྱེས།།ཤིང་ཆུང་ཚེར་མ་ལོ་མ་ཆུང།།མེ་ཏོག་སེར་པོ་སྲན་མ་འདྲ།། གང་བུ་འབྲས་བུ་སྲན་ཆུང་བྲོ།།རོ་ནི་མངར་ལ་ཡང་བ་ཡིན།།འབྲས་ཀྱི་རིགས་ལ་བདུད་རྩི་འདྲ།།བྲ་མའི་མེ་ཏོག་ཟངས་རྩི་བ།།མེ་ཏོག་ལུག་མིག་བ་དང་ནི།།ཤུག་པ་སྲིན་ཟོས་ཕྱེ་མ་དང༌།།ཕུར་མོ་རྐང་གཅིག་ལོ་མ་སྦྱར།།འབྲས་ཀྱི་སྐྲངས་ཁྲེབ་ཚད་པ་དང༌།།འབྲས་རིགས་གང་ཡིན་སེལ་བར་བྱེད།།ཉིན་ལོགས་བྲ་མ་གཅིག་འགྲེང་གི།རྩ་བ་བརྡུང་བའི་ཁུ་བའི་ནང༌།།སྔོན་བུ་ཁྱི་ལྕེ་གཉིས་བཏབ་ནས།།ཅུང་ཟད་མནན་ན་ལྡང་འགྱུར་ཏེ།།དུག་ནད་གསར་རྙིང་མེད་པ་དང༌།། སྦོས་དང་གྲང་བ་ཆུ་འགགས་སེལ།།རྗེས་དང་སྤྱོད་ལམ་གཞན་དང་འདྲ།།བྲ་མ་དཀར་པོའི་རྩ་བ་དང༌།།བསེ་རྒོད་མ་ཡི་སྡོང་བུ་དང༌།། ལྕགས་སྣ་མི་འདྲ་རིགས་གསུམ་ནི།།ཆུ་ནི་བྲེ་དྲུག་ནང་དུ་བསྡུ།།ཁུ་བ་ཕུལ་དོ་ལུས་པའི་ནང༌།།སྐྱེར་བའི་བར་ཤུན་ཕུལ་གང་བསྡུ།།ཁུ་བ་ཕུལ་གང་ལུས་པ་ཐེ་ཚོམ་མེད།།བྲ་མའི་རྩ་བ་དུག་འཇོམས་ཡིན།། གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
དབང་ལག་སྐམ་གཤེར་གཉིས་ལ་སྐྱེས།།ལོ་མ་རུག་པའི་དབྱིབས་དང་འདྲ།།སྣུམ་པའི་མདངས་དང་ལྡན་པ་ཡིན།།སྐམ་སྐྱེས་མེ་ཏོག་སྔོ་སེར་དམར།།སྡོང་བོ་རིང་ལྡེམ་སྦོམ་པ་ཡིན།།ཆུ་སྐྱེས་མེ་ཏོག་དམར་བ་ཡིན།།རྩ་བ་མི་ཡི་ལག་པ་འདྲ།།སོར་མོ་ལྔ་བ་མི་ཡི་ལག།དྲུག་པ་རྡོ་རྗེའི་ལག་པ་ཡིན།།བཞི་བ་རྒན་མོའི་ལག་པར་གྲགས།།གསུམ་པ་གཉིས་པ་ཡོན་ཏན་དམན།།རོ་ནི་མངར་ལ་སྣུམ་བག་ཅན།།ཚེ་བསྲིང་འཆི་མེད་བཅུད་ལེན་སྨན།།བདུད་རྩི་དར་ཡ་ཀན་ཞེས་གྲགས།།འདི་ཡི་ཡོན་ཏན་བསམ་མི་ཁྱབ།།གཅིག་པོ་ལོ་གཅིག་བསྟེན་གྱུར་ན།།ཚེ་ནི་ལོ་བརྒྱ་ཐུབ་པར་བྱེད།།ཏིང་འཛིན་ལ་གསལ་མཁའ་འགྲོ་འདུ།།ནམ་མཁར་འགྲོ་བར་ཐེ་ཚོམ་མེད།།རྩ་བ་ཕྱེ་མ་ཆང་དང་འོ་མར་བསྡུ།།མཁལ་ནད་གྲང་བ་སེལ་བ་དང༌།།བུད་མེད་བརྒྱ་ལ་སྤྱོད་པར་ནུས།།རྡོ་རྗེ་ནོར་བུའི་སྟོབས་བསྐྱེད་ནས།།ས་བོན་ཞུ་རུ་འབྱུང་བར་འགྱུར། །སེམས་གསལ་རོ་ཙ་བཅུད་ལེན་ཡིན།།ཕྱེ་མ་ཞིབ་བཏགས་མིག་ལ་གདབ།།ཁ་བས་ཕྱིད་པར་མི་འགྱུར་སོ།སྒོག་སྐྱ་དང་ནི་གཉིས་པོ་དེ།།ལྷམ་ལྷེམ་བརྡུང་བ་མར་དང་ཆུ་རུ་བསྡུ།།ཆུ་སྐེམ་མར་ནི་ལུས་པ་དང།།ནང་རེ་ཁེམ་མགོ་རེ་ཟོས་ན།། མཆིན་པ་གྲང་རྒྱས་ནད་རྣམས་དང༌།།དམུ་ཆུ་སྐྲན་རིགས་གང་ཡིན་དང༌།།སྙིང་རླུང་ལ་སོགས་སྙིང་ནད་དང༌།།ལོང་དང་ཕོ་བར་སྲིན་ཞུགས་དང༌།།རྩ་ཆུ་འགགས་པའི་ནད་རྣམས་ནི།།རྡོ་རྗེས་གཞན་འཇོམས་ཇི་བཞིན་ནོ།།རྩ་བ་ལྔ་བོའི་གཙོ་བོར་གསུངས།།འདི་ཡི་ཡོན་ཏན་བསམ་མི་ཁྱབ།།ལྷ་དབང་བརྒྱ་བྱིན་བདུད་རྩི་སྨན།།འདི་ལས་ནུས་པ་ཆེ་བའི་སྨན།།འཛམ་གླིང་འཇིག་རྟེན་དག་ན་མེད།།སྦྱོར་བ་གཞན་ལ་བཏང་བས་མཆོག།རྨ་ལ་གླན་ན་འཆི་མེད་སྨན།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号