ཤེལ་ཏང་དཀར་པོ་སྤང་ལ་སྐྱེས།།ལོ་མ་སྔོན་པོ་མཐུག་འཇམ་རིང༌།།སྡོང་བོ་དམར་ལ་མེ་ཏོག་དཀར།།འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ།།རོ་ནི་ཁ་ལ་རྩུབ་པ་ཡིན།།ནུས་པས་འཁྲུ་བ་ཐམས་ཅད་གཅོད།། ཚད་རིམས་ནད་རྣམས་སེལ་བར་བྱེད།།ཁྱད་པར་མཆིན་པའི་ཚད་པ་སེལ།།ཤིང་མངར་རྒུན་འབྲུམ་ཀ་ར་སྦྱར།།གཡེར་ཆུ་དག་གིས་འཕུལ་བཏང་ན།།སྐད་འགགས་ནད་ལ་བདུད་རྩི་ཡིན།།ལོ་མ་མེ་ཏོག་བཅས་པ་བརྡུང༌།།ར་དུག་གཉན་ཐུབ་ཁུ་བ་གདབ།།ལྷོག་སྐྲངས་ཆུ་སེར་བྱུང་བ་ཡང༌།།མྱུར་དུ་སེལ་བར་ཤེས་པར་བྱ།།མར་དང་སྦྱར་ན་བརྣངས་པ་སེལ།།ཆིག་ཐང་རིམས་ལ་བདུད་རྩིར་གྱུར།།སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ།།
སྤང་རྒྱན་དཀར་པོ་རྫ་སྤང་སྐྱེས།།ལོ་མ་ཆུང་ལ་མེ་ཏོག་རྒྱས།།ཆིག་ཐང་རིམས་ལ་བདུད་རྩིར་འགྱུར།།རོ་ནི་ཁ་བས་ཚད་རིམས་སེལ།།གློ་ནད་སེལ་བའི་དར་ཡ་ཀན།།སྐད་འགགས་ནད་ལ་ཆིག་ཐང་ཐུབ།།གློ་གཅོང་ཟ་བྱེད་སུར་ཡ་དང༌།།གློ་ནད་ཐམས་ཅད་རྒྱས་པ་ལ།།སྤང་རྒྱན་འབྲི་མོག་སྲོ་ལོ་དང༌།།ག་བྲ་བ་དང་ལི་ག་དུར།།ཤིང་མངར་ཨ་རུ་ར་དང་སྦྱར།།གློ་ནད་མ་ལུས་སེལ་བར་བྱེད།།གློ་རྩ་གང་རྒྱས་གཏར་བར་བྱ།།ཨ་རུ་ར་དང་ད་ལི་དང༌།།ཤིང་མངར་རྒུན་འབྲུམ་སྦྱར་བྱས་ན།།རིམས་རྙིང་འབྱངས་དཀའ་སེལ་བར་བྱེད།།རྒྱ་སྤོས་དང་སྦྱར་གག་པ་སེལ།།ཆིག་ཐང་གྲེ་འགགས་ནད་ལ་ཕན།།ཡོན་ཏན་བསམ་གྱིས་མི་ཁྱབ་གོ།
སྤང་རྒྱན་སྔོན་པོ་སྨུག་པོ་གཉིས།།སྤུན་གསུམ་ལོ་མ་འདྲ་བ་སྟེ།།རོ་ནུས་བསིལ་ཡང་སོ་སོར་ཡོད།།རོ་ནི་ཁ་ལ་ནུས་པ་བསིལ།། འབྲུམ་ནག་མ་ལུས་འཇོམས་པར་བྱེད།།སྤང་རྒྱན་དཀར་སྔོན་སྨུག་པོ་གསུམ།།གླ་རྩི་ཚ་ལ་ཤེལ་ཏང་དྲུག།དྲི་ཆུ་དང་སྦྱར་ཤ་དུག་འཇོམས།།ཕུར་མོང་བྱི་ཏང་ཀ་དང་སྦྱར།།སྲིན་ནད་མ་ལུས་འཇོམས་པར་བྱེད།།རྒྱ་ཚ་ལྕམ་པ་སྡིག་སྲིན་སྦྱར།།ཆུ་འགགས་ནད་རྣམས་འབིགས་པར་བྱེད།།ཆུ་རུག་པ་ཡིས་ཆུ་མི་འཇིགས།།སྦལ་རྒྱབ་དང་སྦྱར་སྒོང་རྡིབ(སྒང་རྡིབ)གསོ།།ཁབ་ལེན་དང་སྦྱར་ལྷ་བ་འགུགས།། ཆུ་དང་སྦྱར་ན་ལིང་ཏོག་སེལ།།མར་དང་སྦྱར་ན་མགུལ་འགགས་སེལ།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ཕུར་མོང་དཀར་ནག་སྨུག་པོ་གསུམ།།སྤུན་གསུམ་སྐྱེ་ས་སོ་སོར་ཡོད།།དཀར་པོ་བདུད་རྩི་ཟིལ་བ་ཅན།།ཉིན་སྲིབས་རི་མཐོ་དག་ལ་སྐྱེས།།ལོ་མ་སྔོ་ལ་སྡོང་བུ་རིང༌།།མེ་ཏོག་དཀར་པོ་དྲི་ཞིམ་པ།།རོ་ནི་ཁ་ལ་ཚ་བ་ཡིན།།ཆིག་ཐང་རིམས་ནད་སྲིན་ནད་སེལ།།སྒོག་སྐྱ་ལང་ཐང་བྱི་ཏང་ཀ།རྨེ་རུ་རྩེ་དང་ཤ་བའི་ཚིལ།།ར་ཐུག་ཚིལ་དང་སྦྱར་བྱས་ན།།སྲིན་རྣམས་བཤང་ལམ་དག་ཏུ་འདྲེན།།སྦྱོར་སྡེ་སྲིན་སེལ་གཞན་ཡང་སྦྱར།།
ཕུར་ནག་སྲིབས་ཀྱི་ཁ་སྨད་སྐྱེས།།མེ་ཏོག་སྔོ་ལ་ནག་པོ་སྐྱེས།། དྲི་ནི་མི་ཞིམ་རོ་ཡང་ཁ།།ཕུར་ནག་མཚེ་ཡི་ཁན་དྷ་དང༌།།ཆས་མ་མྱང་རྩི་སྤྲས་རྣམས་ནི།།ར་ཡི་ཁྲག་གིས་སྦྲུས་བྱས་ནས། །དྲེག་སྐྲངས་བྱུང་སར་དམ་དུ་དཀྲིས།།ཁྱི་སྤུ་ར་བལ་སྐུད་པས་བཅིང༌།།སྨྲ་བཅད་བྱས་ལ་ཉལ་བར་བྱ།།དྲེག་ནད་ལ་ནི་ཕན་པར་འགྱུར། །ཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ཕུར་མོང་སྨུག་པོ་ཉིན་བྲག་ལ།།སྐྱེས་ཏེ་མེ་ཏོག་སྨུག་པོའི་མདོག།གླ་སྒང་བར་ནི་གྲགས་པ་ཡིན།།མེ་ཏོག་བསྐོལ་ཐང་ཕོ་ལོག་འཇོམས།།གླང་ཐབས་དྲག་པོའི་ནད་ཀྱང་སེལ།།ཟེ་ཚ་པི་ལིང་བཅའ་ལྒ་དང༌།།སྦྱར་བས་མ་ཞུའི་ནད་རྣམས་འཇོམས།།སྙ་ལོ་པི་ལིང་སུམ་སྦྱོར་གྱིས།།རྒྱུ་ལོང་ནད་རྣམས་འཇོམས་པར་འགྱུར།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
བྷྲི་ཏ་ས་འཛིན་ཞེས་བྱ་བ།།ལ་ལས་རྒྱལ་མ་རྒྱུ་མ་ཟེར།།ལོ་མ་དམར་པོ་ཆུང་བ་ལ།།སྡོང་བུ་དམར་པོས་ས་གཞི་ཁྱབ།།མེ་ཏོག་དཀར་པོ་ཆུང་བ་ཡིན།།འབྲས་བུ་རི་ལུ་དབྱིབས་དང་འདྲ།།ལ་ལས་ཙི་ཙི་མོ་ཞེས་ཟེར།།རོ་ནི་ཅུང་ཟད་མངར་སྐྱུར་ཡིན།།ནུས་པས་སྟོད་ཏུ་འདྲེན་པར་བྱེད།།ཕྱེ་མ་བྱས་ལ་རྨོ་ལ་གདབ།།རྨེན་ངན་སྐྱེས་དང་སྐྲངས་པ་འཇོམས།།ཤུ་བ་སྐྱ་སྔོ་ལ་སོགས་ལ།།མར་སྦྱར་བྱུག་ན་བདེ་བར་འགྱུར།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
མེ་ཏོག་སིང་མ་ཞེས་བྱ་བ།།སྲིབས་ཀྱི་ན་བ་དག་ལ་སྐྱེས།།མེ་ཏོག་དམར་པོ་ས་མདོག་བསྒྱུར།།རོ་ནི་ཁ་ལ་རྨ་ནད་སེལ།།རང་གི་ནུས་པས་མགོ་རྨ་གསོ།།སིང་མ་མེ་ཏོག་སྟག་ཤ་བ།།རྟ་ལྤགས་མ་དང་བོང་ང་དཀར།།བྲེ་གུ་གསེར་ཐིག་པ་ཏོ་ལ།།སྤང་རྩི་དོ་བོ་འདི་རྣམས་ནི།།ཁནྡ་བྱས་པའི་ནང་དག་ཏུ།།རུ་རྟ་ཤུ་དག་ཁ་ཚར་གདབ།།མགོ་རྨ་ཇི་ལྟར་ཐུ་ཡང་སེལ།།སིང་མ་མེ་ཏོག་དོམ་མཁྲིས་དང༌།།རུ་རྟ་སྤྱིན་བཞི་སྦྱར་བ་ཡིས།།རྨ་རྣམས་འདྲུབ་ལ་རྨེན་རྣམས་གཅོད།།རྣག་རྣམས་སྐེམས་པའི་མཆོག་ཏུ་བཤད།།
གྲོ་མ་ཞེས་བྱ་ལ་ལུང་སྐྱེས།།ལོ་མ་དམར་སྔོ་སྐྱ་བ་ལ།།སྡོང་བུ་ས་སྟེང་ཁྱབ་པར་སྐྱེས།།མེ་ཏོག་སེར་པོ་མདངས་དང་ལྡན།།རོ་ནི་མངར་ལནུས་པ་བསིལ།།སྟོན་དུས་དྲོད་དུ་འགྱུར་བ་ཡིན།།སྟོན་ཁའི་གྲོ་མ་བཟང་བོ་དང༌།།བྲ་བོ་བུ་རམ་བསྲེས་ལ་བཏགས།།ཟན་དྲོན་བྱས་བཏང་ཚད་འཁྲུ་གཅོད།།སྐོམ་དུ་སྐྱེར་བའི་འབྲས་བུའི་ཕྱེ།།སིང་བུ་རྩེ་ཆག་ནང་བཏབ་བཏང༌།།ག་བྲ་རྩ་བ་ཆུ་སྐོལ་བཏང༌།།ན་སར་བྲ་བའི་ཟན་དུགས་བྱ།།ཚད་པས་འཁྲུ་བ་སེལ་བར་བྱེད།།ཡང་ན་གྲོ་སྐམ་ཕྱེ་མ་ཡི།ཟན་དྲོན་བྱས་བཏང་ཚད་འཁྲུ་གཅོད།།སྒོག་སྐྱ་འོ་མར་བསྐོལ་བ་ནི།།བཏུང་བ་དག་ཏུ་བཏང་བར་བྱ།།ཚ་འཁྲུ་གྲོ་མས་སེལ་བར་བྱེད།།འདི་ལ་སྦྱོར་སྡེ་མང་པོ་མེད།།
ག་བྲ་བ་ཞེས་བྱ་བ་ནི།།བོད་ཡུལ་ཆུ་ཀླུང་ཡུར་བར་སྐྱེས།།དེ་མིང་ཆུ་ཤོ་བ་ཡང་ཟེར།།སྐྱེས་ལུགས་ཤོ་མང་གཞན་དང་འདྲ།།རོ་ནི་ཅུང་ཟད་སྐྱུར་བ་ཡིན།།ཤོ་མང་རྩ་བ་ཨ་ཀྲོང་དང༌།།ཅུ་གང་རྩི་དམར་པི་པི་ལིང་།།ཨ་རུ་ར་དང་ལི་ག་དུར།།ཚ་ལ་ཀ་ར་བརྒྱད་འགྱུར་སྦྱར།།གློ་ནད་གསར་བ་རྣག་ཁྲག་རྣམས།།འདིས་ནི་གཅོད་དང་སྐེམ་པར་བྱེད།།ག་བྲ་བ་དང་ལི་ག་དུར།།ཅུ་གང་གུར་གུམ་ཨ་ཀྲོང་སྦྱར།།འདིས་ཀྱང་གློ་ནད་སྐེམ་པར་བྱེད།།ག་བྲ་བ་དང་ཡུལ་ཤ་མོང༌།།འདི་གཉིས་གློ་ནད་གསར་བ་སེལ།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
གློ་སྨན་རྒྱལ་པོ་ཨ་ཀྲོང་བ།།བྱང་གི་རི་ལ་སྐྱེས་པ་ཡིན།།ལོ་མ་སྔོ་ལ་ཉ་ག་ཅན།།སྡོང་བོ་ཀླུ་ཤིང་ནག་པོ་འདྲ།།མེ་ཏོག་གསེར་གྱི་ཆོ་ལོ་འདྲ།།བདུད་རྩི་ཟིལ་བ་སྣུམ་གྱིས་བརྒྱན།།བྱང་ཁོག་སྟོད་དུ་རྣག་གསོག་པ།།སྐེམ་དང་སྦྱོར་བ་འདྲེན་པ་ལ།།འདི་ནི་བདུད་རྩི་ལྟ་བུ་འོ།།ཨ་ཀྲོང་བ་དང་ཅུ་གང་དང༌།།ག་བྲ་སྲོ་ལོ་རྒུན་འབྲུམ་དང༌།།ཤིང་མངར་བ་ལུའི་མེ་ཏོག་རྣམས།།སྟར་བུ་བུར་དཀར་སྦྱར་ལ་བཏང༌།། གློ་གཅོང་ཚད་པ་ཐམས་ཅད་དང༌།།བྱང་ཁོག་རྣག་རྣམས་སྐེམ་པར་བྱེད།།གློ་ནད་གང་ཡིན་ཐམས་ཅད་ཀྱི།།སྨན་སྦྱོར་དག་ཏུ་སྨན་འདི་བཏབ།།གློ་ནད་སེལ་བའི་བདུད་རྩི་ཡིན།།ཡོན་ཏན་བསམ་གྱིས་མི་ཁྱབ་བོ།།
དྷ་དུ་ར་ཞེས་བྱ་བ་ནི།།བོད་སྐད་དུ་ནི་ཐང་ཕྲོམ་ཟེར།།མཚེར་རྩ་ཀུན་དང་ལུད་ལ་སྐྱེས།།རྩ་བ་སྡོང་བོ་ལོ་མ་སྦོམ།།མེ་ཏོག་དཀར་ནག་མཐུག་པ་ལ།།འབྲས་བུ་སོ་མ་ར་ཙ་འདྲ།།རོ་ནི་ཚ་ལ་ནུས་པས་ནི།།ལྷོག་འབྲས་ལ་སོགས་སྐྲངས་རྣམས་འདུལ།།དྷ་དུ་ར་དང་གུ་གུལ་ནག།ཆུ་དག་གླ་རྩི་མུ་ཟི་དང༌།།ལྡོང་རོས་ཤིང་ཀུན་བདུན་སྦྱོར་བྱ།། བྱ་རོག་བྱ་རྒོད་སྤྱང་ཀིའི་ཤ།རྙེད་ན་གོང་གི་སྟེང་དུ་བསྣན།།ཆུ་གྲང་ཕུལ་ལ་ཁོང་དུ་བཏང།།ལོ་བརྒྱད་བྱིས་པའི་ཆུ་དང་ནི།།མངར་གསུམ་སྦྱར་ཕྱེ་ལ་བྱུག།ལྷོག་པ་གསོ་ན་ར་དུག་བསྣན།།ལྷོག་རིགས་མ་ཡིན་གང་ཡིན་པ།།སྨན་འདིས་མ་ལུས་འཚོ་བར་བྱེད།།དྷ་དུ་ར་དེ་མེར་བསྲེགས་ན།།གདོན་བགེགས་ཞུགས་པ་འབྲོས་པར་འགྱུར།།ལོ་མ་བརྡུངས་པ་རྨ་སྟེང་གླན།།མཚོན་རྨ་གང་རུང་མི་སྐྲངས་སོ།།མི་ཕྱུག་གང་ཡང་རུང་བ་ཡི།།བུ་དང་ཤ་མ་མ་བྱིན་ན།།ཐང་དུ་བསྡུས་ཏེ་བཏང་གྱུར་ན།།བུ་དང་ཤ་མ་འབྱུང་བར་འགྱུར།།སུག་སྨེལ་ལྕམ་པ་དང་སྦྱར་བཏང༌།།རྨ་ཡི་སྐོམ་དད་སེལ་བར་བྱེད།།སྲིན་ནད་མ་ལུས་སེལ་བར་བྱེད།།ཡོན་ཏན་བསམ་གྱིས་མི་ཁྱབ་བོ།།
སྲིན་ནད་འཇོམས་པའི་ལང་ཐང་རྩེ།།ཉིན་གྱི་ཁ་སྨད་དག་ལ་སྐྱེ།།རྩ་བ་ཆུང་ལ་ལོ་མ་སྐྱ།།སྡོང་བོ་རིང་ལྡེམ་མདའ་སྙུག་ཙམ།། སྡོང་བོ་ཐམས་ཅད་མེ་ཏོག་རྒྱས།།གང་བུ་ཟླུམ་པོའབྲས་བུ་ནག།རོ་ནི་ཚ་ལ་སྲིན་ནད་འཇོམས།།ཤ་བའི་ཚིལ་དང་སྦྱར་བྱས་ནས།།སླང་ངའི་ནང་དུ་ཆུ་བླུག་ལ།།མཁར་གོང་སྲིན་ཟོས་བསྲེགས་པའི་སྟེང༌།།མེ་བཞག་དེ་སྟེང་སྨན་བསྲེགས་ནས།།ནད་པའི་ཁ་གདངས་བདུག་པར་བྱ།།མགོ་བོ་ར་ཡི་ལྤགས་པས་བཏུམ།།ནམ་ཚོང་ཡན་ཆད་ཁ་སོ་དང༌།།མགོ་བོའི་སྟེང་དུ་ར་ལྤགས་གཡོགས།།སྲིན་ནད་ཐམས་ཅད་འཇོམས་པར་བྱེད།།རྨེ་རུ་རྩེ་དང་བྱི་ཏང་ག།ཕུར་མོང་ལོ་མ་ཤིང་ཀུན་དང༌།།སྤང་སྤོས་གླ་རྩི་རྟ་ལྤགས་མ།།ར་ཡི་འོ་མ་སྒོག་སྐྱ་སྦྱར།། བླུད་ན་ཁོང་བའི་སྲིན་རྣམས་འཇོམས།།སྦྱོར་བའི་སྡེ་ཚན་གསང་བ་སྟེ།།ཤེའུ་མཆིན་པ་ལང་ཏང་རྩེ།།ཆ་མཉམ་བླུད་ན་བརྒྱལ་བར་འགྱུར།། ཆུ་འཇམ་མར་བཏབ་བླུད་ན་སོས།།གཞན་ཡང་སྦྱོར་སྡེ་བསམ་མི་ཁྱབ།།ནད་རྣམས་སེལ་བའི་སྨན་ཡིན་ནོ།།
ཐར་ནུ་ཉིན་སྲིབས་གཉིས་ཀར་སྐྱེས།།རྩ་བ་ལོ་སྡོང་མཐུག་ལ་འཇམ།།འོ་མའི་རྒྱ་མཚོ་སྐྱེད་པར་བྱེད།།ལོ་མ་མེ་ཏོག་འབྲས་བུ་དམར། །རོ་ནི་ཚ་ལ་བཤལ་བ་སྟེ།།ནུས་པ་རྔོ་དང་ཐོར་བ་འཇོམས།། ཞུན་བྱས་ནད་རྣམས་མ་ལུས་བཤལ།།བད་ཀན་ནད་རྣམས་སྟོད་དུ་འདྲེན།།ཨ་བར་རྒྱམ་ཚ་གླ་རྩི་དང༌།།པི་པི་ལིང་སྦྱར་ཁོང་དུ་བཏང༌།། འདུ་བ་རྣམ་བཞིའི་ནད་རྣམས་སེལ།།མན་ངག་སོ་སོར་བསྒྱུར་བ་གཅེས།།སྲིན་ནད་མ་ལུས་སེལ་བར་བྱེད།།སྨན་རྗེས་ནག་ཐུག་ཚོ་གུ་བཏང༌།།ཟན་དྲོན་དག་ནི་བཏང་བར་བྱ།།སྤྱོད་ལམ་གཟབ་བྱས་ནད་རྣམས་སེལ།།ཡོན་ཏན་བསམ་གྱིས་མི་ཁྱབ་བོ།།
ཀ་ཤོ་ཀན་དྷ་ཞེས་བྱ་བ།།རྒྱ་ཤོད་དག་ནས་སྐྱེས་པ་སྟེ།།རྩ་བ་ཐང་ཕྲོམ་རྩ་བ་འདྲ།།ལོ་མ་སྔོ་སྐྱ་འབྱར་རྩི་ཅན།།སྡོང་བོ་ཚིགས་པ་མང་པོས་བརྒྱན།།མེ་ཏོག་དམར་པོ་མཛེས་པའི་ཚུལ།།རོ་ནི་མངར་ལ་ཚ་བ་ཡིན།།ནུས་པས་སྨད་ཀྱི་དྲོད་སྐྱེད་ཅིང༌།།ཕོ་ལོང་རྒྱུ་མའི་དྲོད་སྐྱེད་ཅིང༌།།རྩ་བ་ལྔ་ཡི་ནང་ན་མཆོག།གག་པ་ལྷོག་པ་གང་ཡིན་གྱི།ཁོང་སྨན་དུ་ནི་བཟང་བ་ཡིན།།ཀ་ཤོ་ཀན་དྷ་སྤང་ཚེར(སྤྱང་ཚེར)དང༌།།བྷྲི་ཏ་ས་འཛིན་ར་འོ་སྦྱར།།བད་ཀན་སྟོད་དུ་འདྲེན་པར་བྱེད།། སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ།། 9/20 མདུན་ངོས། 上一页 7 8 9 10 11 12 下一页 尾页 |