ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཀ༤རོའི་སྐྱེ་མཆེད།
རོ་ནི་ལྕེའི་ཡུལ་ཏེ།ལྕེའི་དབང་པོ་དང་ལྕེའི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི་དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ།བུ་རམ་དང་འོ་མ་སོགས་མངར་བ།སྟར་བུ་དང་སྐྱུར་རུ་ར་སོགས་སྐྱུར་བ།བྱང་ཚྭ་སོགས་ཚྭ་རིགས་བཅོ་བརྒྱད་ལྟ་བུ་ལན་ཚྭ་བ།ཏིག་ཏའི་རོ་སོགས་ཁ་བ།སྒ་པི་ལིང་ལྟ་བུ་ཚ་བ།ལྕེ་ལ་མཁྲིས་འོང་བ་འོམ་བུ་སོགས་རོ་བསྐ་བ་དང་དྲུག་གོ།དེ་དག་འདྲེས་པ་ལས་ནང་གི་དབྱེ་བ་དུ་མར་འགྱུར་རོ།།
ཡང་ཡིད་དུ་འོང་མི་འོང་བར་མ་གསུམ་དང༌།བུར་ཤིང་སོགས་ལྷན་སྐྱེས་དང༌།གཡོས་སུ་བྱས་པའི་ཟས་ལྟ་བུ་སོགས་སྦྱར་བྱུང་གི་དབྱེ་བ་དང་འབྲས་བུ་སྨིན་པ་ལྟ་བུ་གྱུར་པ་ལས་བྱུང་བའི་རོ་ཡོད་དོ།།
ཀ༥རེག་བྱའི་སྐྱེ་མཆེད།
རེག་བྱ་ནི་ལུས་ཀྱི་ཡུལཏེ།རེག་བྱ་རྣམས་ནི་ལུས་ཀྱི་དབང་པོ་དང་ལུས་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི་དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ།རྒྱུ་འབྱུང་བཞིའི་རེག་བྱ་སྲ་གཤེར་དྲོ་གཡོ་དང༌།འབྲས་བུ་ལ།དར་རམ་གོས་ཆེན་སོགས་འཇམ་པ།རེ་བ་སོགས་རྩུབ་པ།ལྕགས་དང་གསེར་དངུལ་སོགས་ལྕི་བ།རས་ལ་སོགས་པ་ཡང་བ།ཟས་སྐོམ་འདོད་པ་སེམས་བྱུང་ཡིན་པས་རེག་བྱ་མ་ཡིན་ནོ་སྙམ་ན་བཀྲེས་སྐོམ་གྱི་རྒྱུ་ལྟོ་བའི་ནང་ན་རླུང་དང་མེ་ཤས་ཆེ་བའི་རེག་བྱ་འགའ་ཞིག་ལ་བཀྲེས་སྐོམ་དུ་བཏགས་ནས་བསྟན་པས་རླུང་ཁམས་ཤས་ཆེ་བས་བཀྲེས་བ།མེ་ཁམས་ཤས་ཆེ་བས་སྐོམ་པ།ཆུ་དང་རླུང་ཤས་ཆེ་བས་གྲང་བ་བདུན་དང༌།ཀུན་བཏུས་ལས།དར་ཐག་གི་སྐ་རགས་ལྟ་བུ་མཉེན་པ།སྲིན་བལ་ལམ་སྐ་རགས་ལྟ་བུ་ལྷོད་པ།རྡོའམ་སྐ་རགས་ལྟ་བུ་དམ་པ།ཟས་སོགས་ཀྱིས་ཚིམ་པ།ཁམས་འགྱུར་བས་ན་བ།ན་ཚོད་འགྱུར་བས་རྒ་བ།སྲོག་འགྱུར་བས་འཆི་བ།དུབ་པ་སངས་པས་ངལ་སོས་པ།སྤུངས་ཆེ་བ་ཞེས་མི་འཇིགས་པ་སྟེ་ལུས་སྟོབས་དང་ལྡན་ནས་མི་ཞིམ་པའོ།འདི་དག་གིས་མཚོན་ནས་ཚ་གྲང་སོགས་ལུས་ཀྱི་ཕྱི་དང་བཟའ་བཏུང་སོགས་ནང་གི་རེག་བྱ་མྱོང་ཚུལ་ལས།ཁམས་སྙོམས་པས་ཉམས་སྟོབས་ཡོད་པའི་དུས་ཀྱི་རེག་བྱ།མ་སྙོམས་པས་ཉམས་ཆུང་ཞིང་རིད་པའི་དུས་ཀྱི་རེག་བྱ།ཉེས་པར་ཟོས་པས་བརྒྱག་པའི་དུས་ཀྱི་རེག་བྱ།ཁྲག་ལ་གནོད་པས་གཡའ་བའི་དུས་ཀྱི་རེག་བྱ།ས་དང་ཆུ་འདུས་པ་ལས་འགྲེད་པའི་རེག་བྱ་སོགས་དུ་མ་ཡོད་པ་ཤེས་པར་བྱའོ།།
ཕུང་པོ་ལྔའི་བཤད་པ་ལས།རེག་བྱ་ལ་དབྱེ་ན་འབྱུང་བ་ཆེན་པོ་བཞི་དང༌།འཇམ་པ་དང༌།རྩུབ་པ་དང༌།ལྕི་བ་དང༌།ཡང་བ་དང༌།གྲང་བ་དང༌།བྲུ་བ་དང༌།སྐོམ་པའོ།།འབྱུང་བཞི་གོང་དུ་བཤད་ཟིན་ཡང༌།འདིར་མི་བཤད་རྒྱུ་མལུས་ཀྱི་རེག་བྱའི་ནང་དུ་གཏོགས་པས་སོ།།དེས་ན་རེག་བྱ་ལ་རྣམ་པ་གཉིས་སྟེ།འབྱུང་བ་ཆེན་པོ་བཞི་དང༌།འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་འཇམ་པ་སོགས་བདུན་ནོ།
 དེ་ལ་འཇམ་པ་ནི།མཉེན་པ་མི་རྩུབ་པ་རེག་པར་མི་བཟོད་པའོ།རྩུབ་བ་ནི་མི་འཉེན་པ་རེག་པར་མི་བཟོད་པའོ།ལྕི་བ་ནི་གང་གི་དབང་གིས་སྲང་མགོ་ཐུར་དུ་དམའ་བར་འགྱུར་རོ།།ཡང་བ་ནི་བོང་ཆེར་ཟིན་ཀྱང་བོང་ཆུང་ངུ་ལྕི་བ་ལ་ལྗིད་ཀྱིས་མི་ཐུབ་སྟེ།སྲང་མགོ་མཐོ་ལ་མཇུག་དམའ་བར་འགྱུར་བའོ།།གྲང་བ་ནི་གང་གིས་མཉེན་ན་དྲོ་བར་འདོད་པའོ།།བྲུ་བ་ནི་གང་ཟ་བར་འདོད་པའོ།སྐོམ་པ་ནི་གང་འཐུང་བར་འདོད་པའོ།།ཟ་འདོད་འཐུང་འདོད་ནི།སེམས་ལས་བྱུང་བའི་ཆོས་ཡིན་ན།དེ་ཇི་ལྟར་ལུས་ཀྱི་དབང་པོའི་ཡུལ་རེག་བྱའི་ཕྱོགས་གཅིག་འབྱུང་བ་ཆེན་པོ་བཞི་ལས་སྐྱེས་པའི་ཆོས་སུ་གཞག་ཅེ་ན།དེ་ནི་དཔེར་ན།སངས་རྒྱས་འབྱུང་བ་བདེ་བ་དང༌།།ཆོས་བསྟན་པ་ཡང་བདེ་བའོ།།ཞེས་པ་ལྟར།རྒྱུ་ལ་འབྲས་བུའི་མིང་བཏགས་པ་ཡིན་ཏེ།སངས་རྒྱས་འཇིག་རྟེན་དུ་འབྱུང་ཞིང་སྐྱེ་བ་ནི་སྐྱེ་བ་ཐམས་ཅད་སྡུག་བསྔལ་བར་བཤད་པས་བདེ་བ་མ་ཡིན་མོད།སངས་རྒྱས་འཇིག་རྟེན་དུ་བྱུང་ནས་ཆོས་བསྟན་པའི་རྒྱུ་ལས་སེམས་ཅན་རྣམས་བདེ་འགྲོ་དང་མྱ་ངན་ལས་འདས་བའི་འབྲས་བུ་ཐོབ་པར་འགྱུར་བས་ལྷ་དང་མིའི་བདེ་འགྲོ་དང་མྱ་ངན་ལས་འདས་བའི་འབྲས་བུ་ཐོབ་པ་དེ་རྒྱུ་སངས་རྒྱས་འབྱུང་བ་ལ་བཏགས་ནས།སངས་རྒྱས་འབྱུང་བ་བདེ་བ་དང༌།།ཞེས་གསུངས་སོ།།ཆོས་བཤད་པ་ཡང༌།འབད་པ་ཆེན་པོས་བྱ་དགོས་པས་བདེ་བ་མ་ཡིན་མོད་ཀྱི།རྒྱུ་དེ་ལས་བདེ་བ་དང་མྱ་ངན་ལས་འདས་པའི་འབྲས་བུ་བདེ་བ་འཐོབ་པའི་བདེ་བ་འབྱུང་བ་སྟེ།འབྲས་བུ་དེ་རྒྱུ་ཆོས་བསྟན་པ་ལ་བཏགས་ནས།ཆོས་བསྟན་པའང་བདེ་བའོ་ཞེས་གསུངས་སོ།།དེ་དང་འདྲ་བར་རླུང་གི་ཁམས་ཀྱི་ཤས་ཆེ་བར་གྱུར་ན་ལྟོ་བའི་ནང་དུ་ཕོ་བ་ཁ་འབྱར་བའི་རེག་བྱའི་ཁྱད་པར་ཞིག་འབྱུང་སྟེ།དེས་རྒྱུ་བྱས་ནས་ཟ་འདོད་པ་སྐྱེའོ།།ཕོ་བ་ཁ་འབྱར་བ་ནི་ཟ་འདོད་པའི་རྒྱུ་ཡིན་ལ་ཟ་འདོད་པ་ནི་དེའི་འབྲས་བུ་ཡིན་ཏེ།ཟ་འདོད་པའི་འབྲས་བུའི་མིང་རྒྱུ་ལ་བཏགས་ནས་ཕོ་བ་ཁ་འབྱར་བ་ལ་འདོད་པ་ཞེས་བཤད་དོ།།དེ་བཞིན་དུ་མེའི་ཁམས་ཤས་ཆེ་བར་གྱུར་ན་ལྟོ་བའི་ནང་དུ་ལྒང་བ་ཁ་འབྱར་བའི་རེག་བྱའི་ཁྱད་པར་སྐྱེ་སྟེ།དེའི་རྒྱུ་ལ་འཐུང་འདོད་པ་སྐྱེའོ།།དེ་ལ་ལྒང་བ་ཁ་འབྱར་བ་ནི་དེའི་རྒྱུའོ།འཐུང་འདོད་པ་ནི་འབྲས་བུ་སྟེ།འབྲས་བུ་འཐུང་འདོད་པའི་མིང་ལྒང་བ་ཁ་འབྱར་བ་ལ་བཏགས་ནས་འཐུང་འདོད་པའོ་ཞེས་བཤད་དོ།།རྒྱུ་ལ་འབྲས་བུ་བཏགས་པས་ན་ཉེས་པ་མེད་དོ།
དེའང་ཆུ་དང་མེའི་ཤས་ཆེ་བ་ནི་འཇམ་པའོ།།ས་དང་རླུང་གི་ཤས་ཆེ་བ་ནི་རྩུབ་པའོ།།ས་དང་ཆུའི་ཤས་ཆེ་བ་ནི་ལྕི་བའོ།མེ་དང་རླུང་གི་ཤས་ཆེ་བ་ནི་ཡང་བའོ།།ཆུ་དང་རླུང་གི་ཤས་ཆེ་བ་ནི་གྲང་བའོ།རླུང་གི་ཤས་ཆེ་བ་ནི་བྲུ་བའོ།།མེའི་ཤས་ཆེ་བ་ནི་སྐོམ་པའོ།།
(ཆོས་ཀྱི་སྐྱེ་མཆེད་པའི་གཟུགས།
ཆོས་ཀྱི་སྐྱི་མཆེད་པའི་གཟུགས་བཤད་པ་ལ།སྤྱིར་བཤད་པ་དང༌།རྣམ་རིག་མིན་པའི་གཟུགས་བྱེ་བྲག་ཏུ་བཤད་པ་གཉིས།
ཀ༡སྤྱིར་བཤད་པ།
ཡིད་ཀྱི་ཡུལ་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་སྟེ།བསྡུས་པ་ལས་གྱུར་བ་ཞེས་པ་རྟོག་པས་ཕྱེ་བས་ཆུང་མཐའ་རྡུལ་ཕྲ་རབ་ཀྱི་གཟུགས་ཡིན་ཀྱང་མིག་ཤེས་ལ་བསྟན་དུ་མེད་པས་ཡིད་ཀྱིས་ཤེས་པར་བྱ་བ་ཙམ་མོ།མངོན་པར་སྐབས་ཡོད་པའམ་གསལ་བ་ནི་གོང་བཤད་ལྟར་གཞན་ལ་མ་ཐོགས་པའོ།།ཡང་དག་པར་བླངས་པ་ལས་བྱུང་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ།།ཀུན་བཏགས་པའི་གཟུགས་ནི།མེད་པ་གསལ་སྣང་གི་གཟུགས་བརྙན་དང་རྨི་ལམ་གྱི་གཟུགས་ལྟ་བུའོ།།དབང་འབྱོར་བའི་གཟུགས་ནི་བསམ་གཏན་ལ་དབང་འབྱོར་བའི་སྟོབས་ཀྱིས་སྣང་བའི་གཟུགས་ཟད་པར་སྔོན་པོ་སོགས་པ་ལྟ་བུའོ།དབང་འབྱོར་བའི་གཟུགས་ལྟབུ་སེམས་ཁོ་ནའི་སྟོབས་ཀྱིས་སྣང་བ་ལ་ནི་
རགས་པ་རྩོམ་གཞི་རྡུལ་ཕྲན་བསགས་པ་མེད་པའི་ཕྱིར་དེའི་རྒྱུ་འབྱུང་བ་རྣམས་མ་ཡིན་ཏེ།འབྲས་གཟུགས་དེ་ལས་གཞན་པའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཀྱི་དབང་དུ་མཛད་ནས་དེ་ལྟར་རྒྱུར་གསུངས་སོ།།
ཀ༢རྣམ་པར་རིག་བྱེད་མིན་པའི་གཟུགས་བྱེ་བྲག་ཏུ་བཤད་པ།
ཁ༡རྣམ་པར་རིག་བྱེད་མ་ཡིན་པའི་དབྱེ་བ།
རྣམ་པར་རིག་བྱེད་མ་ཡིན་པ་ལ་ཡང་འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང༌།གཟུགས་སུ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང༌།ཟག་པ་མེད་པའི་རིག་བྱེད་མ་ཡིན་པ་གསུམ་ཡོད་དེ་དེ་དག་གཞན་ལས་ཤེས་པར་བྱའོ།
ཁ༢རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རང་བཞིན།
རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རང་བཞིན་ནི་བལྟར་མེད་ལ་ཐོགས་པ་མེད་པའོ།།དེ་ལ་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དག་འདི་ལྟ་བུ་ཞིག་གནས་འདི་ན་འདུག་ཅེས་བདག་གིས་ཀྱང་བལྟར་རུང་ལ།གཞན་ལ་ཡང་བསྟན་དུ་རུང་བ་ལྟར་རྣམ་པར་རིག་བྱེད་མ་ཡིན་དེ་འདི་ལྟ་བུ་ཞིག་གནས་འདི་དག་ན་གནས་སོ་ཞེས་བདག་གིས་ཀྱང་བལྟར་མེད་གཞན་དུ་ཡང་བསྟན་དུ་མེད་པས་ན་བསྟན་དུ་མེད་པ་ཞེས་བྱའོ།།རང་གནས་པའི་ཕྱོགས་སུ་དངོས་པོ་གཞན་སྐྱེ་བ་སྐྱེར་མི་སྟེར་ཞིང་གེགས་བྱེད་པ་ནི་ཐོགས་པ་དང་བཅས་པ་ཞེས་བྱ་བ་ལ།རྣམ་པར་རིག་བྱེད་མ་ཡིན་པ་དེ་ལ་རང་གི་གནས་གཞན་འབྱུང་བ་ལ་གེགས་བྱེད་མི་སྲིད་པས་ཐོགས་པ་མེད་པ་ཞེས་བྱའོ།།
ཁ༣རྣམ་པར་རིག་བྱེད་མིན་པ་འདི་གཟུགས་སུ་འཇོག་པའི་ཐད་པ།
རྣམ་པར་རིག་བྱེད་མིན་པ་འདི་གཟུགས་ཇི་ལྟར་ཡིན་ཅེ་ན།འདི་ནི་ཇི་སྲིད་འཚོའི་མཐའ་ཅན་གྱི་མི་དགེ་བ་སྤོང་པ་དང་སྒྲུབ་པའི་སྡོམ་སྡོམ་མིན་ལོ་ཟླའི་མཐའ་ཅན་གྱི་བར་སྡོམ་ཐོབ་པའི་ལུས་ངག་གི་ལས་ཀྱི་བྱེ་བྲག་ཅིག་ཡིན་ལ།དེ་ནི་གཡེང་བ་དང་གཉིད་འཐུག་སོགས་སེམས་མེད་པའི་སྐབས་སུ་འང་རྒྱུན་མ་ཆད་པར་ཡོད་པས།སེམས་ཀྱིས་བསྡུས་པ་མིན་པ་དང༌།དང་པོར་རང་རྒྱུད་ཀྱིས་ཟིན་པའི་འབྱུང་བ་རྣམས་རྒྱུར་བྱས་ནས་སྐྱེ་ཞིང༌།ཟིན་འབྱུང་དེ་ལ་བརྟེན་ཏེ་ཇི་སྲིད་རྟེན་ཉམས་པ་དང་མཚན་འགྱུར་བའམ་གཏོང་རྒྱུ་མབྱུང་གི་བར་དུ་རྒྱུན་ཆགས་པར་འབྱུང་བ་ཡིན་པ་དང༌།ངོ་བོ་དགེ་མི་དགེ་གང་རུང་དུ་ངེས་པ་ལུས་ངག་གི་ལས་ཀྱི་བྱེ་བྲག་ཞིག་ཡིན་པའི་རྒྱུ་མཚན་གསུམ་པོ་དེས་གཟུགས་སུ་འཇོག་པ་ཡིན་ནོ།
དེ་ཡང་རྣམ་པར་རིག་བྱེད་ཀྱི་གཟུགས་ནི་དྭངས་བས་ལུས་ཀྱི་ཕྱག་འཚལ་བའམ་ངག་གི་མདོ་འདོན་པ་དང༌།སྡང་བས་གཞན་ལ་བརྡེག་པ་དང་ཚིག་རྩུབ་སྨྲ་བ་ལྟ་བུའི་ལས་ནི།རྒྱུ་ལུས་ངག་གི་རྡུལ་རྣམས་ལས་ཡན་གར་དུ་མེད་ཀྱང༌།ལུས་ཀྱིས་ཐལ་མོ་སྦྱར་བ་དང་ངག་གིས་རྗེས་ཟློས་སོགས་ཀྱིས་གཡོ་བ་དང་བཀོད་པའི་རྣམ་འགྱུར་ཁྱད་པར་བ་དེ་ལ་ལས་སུ་འཇོག་དགོས་སོ།ལས་དེས་ནི་ལས་རང་ཉིད་ཀུན་ནས་སློང་བྱེད་དམ་སྐྱེད་བྱེད་དེ་རྒྱུ་ལུས་ངག་གི་རྡུལ་གྱི་ཚོགས་པ་རྣམས་ཡིན་པར་གཞན་ལའང་རིག་པར་བྱེད་དེ།ཇི་ལྟར་ན་རྡེའུ་དུ་མ་རྟ་གླང་སོགས་ཀྱི་དབྱིབས་སུ་བཀོད་པ་མཐོང་བ་ན།རྡེའུ་མཐོང་(འདི་སེམས་ཀྱི་ཀུན་སློངམིན་ནོ)བ་ཡིན་གྱི་དེ་ལས་གཞན་པའི་རྫས་ཡན་གར་བ་མཐོང་རྒྱུ་ཅི་ཡངམེད་མོད།རྡེའུ་རྣམས་མཐོང་བའི་སྒོ་ནས་རྡེའུ་རྣམས་བཀོད་ལུགས་ཀྱིས་རྟ་གླང་སོགས་ཀྱི་དབྱིབས་དེ་ཡང་དངོས་སུ་ཤེས་པ་བཞིན་ནོ།
ཕུང་པོ་ལྔའི་བཤད་པ་ལས་ཀྱང༌།སྡོམ་པ་འདི་དག་ལ་ཅིའི་ཕྱིར་རྒྱུར་བྱས་པའི་གཟུགས་ཞེས་བྱ་ཞེ་ན།དེ་དག་ཀྱང་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས།འབྱུང་བ་ཆེན་པོ་བཞིའི་མཐུ་མ་ཉམས་ཤིང་དེ་རྣམས་གཏོང་བར་བྱེད་པའི་རྒྱུ་མེད་ཀྱི་བར་དུ་སེམས་པ་འཁྲུགས་པ་དང༌།མ་འཁྲུགས་པ་དང་སེམས་མེད་པ་རྣམས་ཀྱི་དུས་ན་ཡང་ཆུའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་འབྱུང་བས་ན་རྒྱུར་བྱས་པའི་གཟུགས་ཞེས་བྱའོ།།ཞེས་དང༌།
ཡང་དེ་ཉིད་ལས།འབྱུང་བ་ཆེན་པོ་བཞི་ནས་རྣམ་པར་རིག་བྱེད་མ་ཡིན་པའི་བར་དེ་དག་ལ་ཅིའི་ཕྱིར་གཟུགས་ཞེས་བྱ་ཞེ་ན།གཞིག་ཅིང་གནོད་པར་བྱེད་རུང་བས་ན་གཟུགས་ཞེས་བྱ་སྟེ།བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་གཞིག་ཅིང་གཞོམ་དུ་ཡོད་པའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ་ཞེས་གསུངས་སོ།འོ་ན་རྣམ་པར་རིག་བྱེད་མ་ཡིན་པ་བལྟར་མེད་ལ་ཐོགས་པ་མེད་པས་གཞིག་ཅིང་གནོད་པ་བྱར་མི་རུང་ན་དེ་ཇི་ལྟར་གཟུགས་སུ་འགྱུར་ཞེ་ན།རྣམ་པར་རིག་བྱེད་མ་ཡིན་པ་ཉིད་ལ་གཞིག་ཅིང་གནོད་པར་བྱར་མི་རུང་ཡང་ཤིང་བཅད་ན་གྲིབ་མ་མེད་པར་འགྱུར་བ་དང་ནོར་བུ་རིན་པོ་ཆེ་བཅག་ན་འོད་མེད་པར་འགྱུར་བ་བཞིན་དུ་འབྱུང་བ་ཆེན་པོ་བཞི་ཉམས་པར་བྱས་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་ཉམས་པར་འགྱུར་བས་གཟུགས་ཞེས་བྱ་བ་ལ་ཉེས་པ་མེད་དོ།།ཞེས་གསུངས་སོ།།
ཁ༤རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་གཉིས་ཀྱི་ཁྱད་པར།
རིག་བྱེད་མིན་གཟུགས་ཀྱང་ལུས་ཀྱི་ལས་སུ་སྲོག་གཅོད་སྤོང་བའི་སྡོམ་པ་ལྟ་བུ་ལུས་ངག་གི་ལས་ཀྱི་ཁྱད་པར་ཡིན་པ་ལ་རིག་བྱེད་ཀྱི་གཟུགས་དང་འདྲ་ཡང༌།མི་འདྲ་བའི་ཁྱད་པར་ནི་དེས་རང་ཀུན་ནས་སློང་བྱེད་ཀྱི་རྒྱུ་ལུས་ངག་གི་རྡུལ་གྱི་ཆ་དེ་སྡོམ་སོགས་རང་གི་རྒྱུ་ཡིན་པར་གཞན་ལ་དངོས་སུ་རིག་པར་མི་བྱེད་དེ།སྡོམ་ལྡན་གྱི་གང་ཟག་གི་སྡོམ་པ་འདི་ལྟ་བུའོ་ཞེས་སྡོམ་ལྡན་དེའི་ལུས་སོགས་མཐོང་བ་ཙམ་གྱིས་མི་ཤེས་པ་བཞིན་ནོ།།དེས་ན་འདི་ལ་རྣམ་པར་རིག་བྱེད་མིན་པ་དང་མིག་སྔར་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཞེས་བྱ་བར་བརྗོད་དོ།།
སྡོམ་པའི་གཟུགས་དེ་དག་ལ་ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་གདགས་ཤེ་ན།ཇི་ལྟར་རྣམ་པར་རིག་བྱེད་གཟུགས་ཀྱི་རང་བཞིན་ཡིན་ལ།ཐལ་མོ་སྦྱོར་བ་ལ་སོགས་པ་ལུས་ཀྱི་ལས་ཀྱི་སྒོ་ནས།ནང་གི་སེམས་ཀྱི་ངོ་བོ་རིག་པར་རུང་བ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་དེ་ཡང་གཟུགས་ཀྱི་རང་བཞིན་ཡིན་མོད་ཀྱི།དེའི་སྒོ་ནས་ནང་གི་སེམས་ཀྱི་ངོ་བོ་རིག་པར་བྱར་མི་རུང་བས་ན་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号