ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་གཉིས་པ།གཟུགས་ཀྱི་ཕུང་པོ།

གཟུགས་སུ་རུང་བའི་མཚན་ཉིད།གཞིག་ཏུ་རུང་བ་ལ་གཟུགས་ཞེས་བྱ་སྟེ།རང་གི་གནས་སུ་གཞན་སྐྱེ་བའི་བར་ཆད་དང་བགེགས་བྱེད་པའི་མཚན་ཉིད་ཀྱིས་གནོད་པར་བྱེད་པས་གཟུགས་ཞེས་བྱའོ།།ཡང་ན།གནས་དང་གནས་ཀྱི་མཚན་ཉིད་ཀྱི་གཟུགས་གང་ལ་ཡོད་པས་བདག་གི་གནས་སུ་གཞན་སྐྱེ་བའི་བགེགས་བྱེད་པ་གཟུགས་ཅན་ཞེས་བྱ་སྟེ།གཟུགས་ལ་དབྱེ་ན་རྒྱུ་གཟུགས་བཞི་དང༌།འབྲས་གཟུགས་བཅུ་གཅིག་གོ། 
དང་པོ།རྒྱུ་གཟུགས།
རྒྱུ་གཟུགས་ནི་ས་ཆུ་མེ་རླུང་བཞི་སྟེ།རྒྱུ་ཞེས་པའི་དོན་ཅི་ཞེ་ན།འབྱུང་བ་ཆེན་པོ་བཞི་དག་ནི་རྒྱུ་རྣམ་པ་ལྔས་འབྱུང་བ་ཆེན་པོ་ལས་གྱུར་བའི་གཟུགས་ཀྱི་རྒྱུ་བྱེད་དེ།རྒྱུ་རྣམ་པ་ལྔ་ནི།སྐྱེད་པ་དང༌།རྟེན་པ་དང༌།གནས་པ་དང༌།བརྟེན་པ་དང༌།འཕེལ་བའོ།།
དེ་ལ་ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་བཞིན་དུ་འབྱུང་བ་ཆེན་པོ་བཞི་མེད་ན་རྒྱུར་བྱས་པའི་གཟུགས་མི་སྐྱེ་བས་ན་སྐྱེད་པའི་རྒྱུ་བྱེད་དོ།འབྱུང་བ་ཆེན་པོ་བཞི་ལ་མ་བརྟེན་པར་རྒྱུར་བྱས་པའི་གཟུགས་དག་ལོགས་ཤིག་ཏུ་གནས་པའི་མཐུ་མེད་དེ།དེ་བས་ན་རྟེན་པའི་རྒྱུ་བྱེད་དོ།།ཤིང་བཅད་ན་གྲིབ་མ་མེད་པར་འགྱུར་བ་དེ་བཞིན་དུ་འབྱུང་བ་ཆེན་པོ་བཞི་དག་ཉམས་སམ་སྣད་རྨས་ན་རྒྱུར་བྱས་པའི་གཟུགས་རྣམས་ཀྱང་ཉམས་པར་འགྱུར་བས་ན་གནས་པའི་རྒྱུ་བྱེད་དོ།།འབྱུང་བ་ཆེན་པོ་བཞི་དཔེར་ན་རྒན་པོ་འཁར་བ་ལ་བརྟེན་ནས་འགྲོ་བ་དང་འདྲ་བར་སྐད་ཅིག་མའི་རྒྱུན་གྱིས་སྐྱེ་བ་དང༌།རྒྱུར་བྱས་པའི་གཟུགས་རྣམས་ཀྱི་སྐད་ཅིག་མའི་རྒྱུན་མི་འཆད་པར་སྐྱེ་བར་བྱེད་པས་ན་བརྟེན་པའི་རྒྱུ་བྱེད་དོ།།འབྱུང་བ་ཆེན་པོ་བཞི་བརྟས་ཤིང་སྨིན་ན་རྒྱུར་བྱས་པའི་གཟུགས་ཀྱང་བརྟས་པར་བྱེད་པས་ན་འཕེལ་བའི་རྒྱུ་བྱེད་དོ།།
༡འབྱུང་བའི་སྒྲོ་བཤད།
འབྱུང་བའི་དོན་ཅི་ཞེ་ན།དཀར་པོ་དང་སེར་པོ་ལ་སོགས་པའི་གཟུགས་རྣམ་པ་སྣ་ཚོགས་ཆེན་པོ་དེ་དག་ལས་འབྱུང་ཞིང་སྐྱེ་བས་ན་འབྱུང་བའོ།།རྒྱུར་བྱས་པའི་གཟུགས་བཅུ་གཅིག་ལ་ཁྱབ་པས་ན་ཆེན་པོའོ།།ཡང་ན་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པས་ན་འབྱུང་བའོ།།ཡང་ན་ས་དང་ཆུ་དང་མེ་དང་རླུང་འདི་དག་སེམས་ཅན་གྱི་ལས་ཀྱི་དབང་གིས་འབྱུང་བས་ན་འབྱུང་བའོ།།ཆེན་པོ་ནི།སའི་ཁམས་འདི་དག་གནས་པ་ཆེ་སྟེ།ཐོག་ཐག་ཏུ་ཁྱབ་པར་མངོན་སུམ་དུ་སྣང་བའི་ཕྱིར་རོ།།ཆུའི་ཁམས་ཀྱང་ཆེ་སྟེ།ནམ་སེམས་ཅན་རྣམས་འདོད་ཆགས་ཀྱི་ཤས་ཆེ་བ་ན།ཆུའི་བསྐལ་བ་བྱུང་བས་བསམ་གཏན་དང་པོ་པ་མན་ཆད་འཇིག་པར་བྱེད་དོ།མེའི་ཁམས་འདི་ཡང་ཆེ་སྟེ།ནམ་སེམས་ཅན་རྣམས་ཞེ་སྡང་གི་ཤས་ཆེ་བ་ན། མེའི་བསྐལ་པས་བསམ་གཏན་གཉིས་པ་མན་ཆད་སྲེག་པར་བྱེད་དོ།།རླུང་གི་ཁམས་ཀྱང་ཆེ་སྟེ།ནམ་སེམས་ཅན་གཏི་མུག་བདེ་བ་ན་རླུང་གི་བསྐལ་པས་བསམ་གཏན་གསུམ་པ་མན་ཆད་འཇིག་པར་བྱེད་དོ།
༢འབྱུང་བའི་མཚན་ཉིད།
འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ནི།སའི་ཁམས་གང་ཞེ་ན་སྲ་བ་ཉིད་སྟེ།གང་སྲ་བ་དང༌།མཁྲང་བ་དང༌།ལྕི་བ་ནི་སའི་ཁམས་ཀྱི་མཚན་ཉིད་དོ།།
ཆུའི་ཁམས་གང་ཞེ་ན།གཤེར་བ་ཉིད་སྟེ།གང་གཤེར་བ་དང་སྣུམ་པ་དང༌།བརླན་པ་ཉིད་དོ།།
     མེའི་ཁམས་གང་ཞེ་ན།ཚ་བ་ཉིད་སྟེ།གང་ཚ་བ་དང༌།དྲོ་བ་དང༌།འཚིག་པར་བྱེད་པ་ནི་མེའི་ཁམས་ཀྱི་མཚན་ཉིད་དོ།
རླུང་གི་ཁམས་གང་ཞེ་ན།ཡང་ཞིང་གཡོ་བ་ཉིད་ནི་རླུང་གི་ཁམས་ཀྱི་མཚན་ཉིད་སྟེ།།ཡང་བ་ནི་འགུལ་བར་བྱེད་པའོ།།གཡོ་བ་ནི་དངོས་པོའི་རྐྱུན་ཡུལ་གཞན་དུ་ཕྱིན་ཅིང་སྐྱེ་བར་བྱེད་པའོ།།
ས་ཆུ་མེ་གསུམ་ལ་མཚན་ཉིད་རེ་རེར་བསྟན་ལ།རླུང་གི་ཁམས་ལ་ནི་ཡང་བ་དང་གཡོ་བ་སྟེ།ཅིའི་ཕྱིར་མཚན་ཉིད་གཉིས་སུ་བཤད་ཅེ་ན།ལན་དུ་གལ་ཏེ་ཡང་བ་འབའ་ཞིག་སྨོས་ལ།གཡོ་བ་མ་སྨོས་ན་ནི་རྒྱུར་བྱས་པའི་གཟུགས་ལུས་ཀྱི་ཡུལ་དུ་གྱུར་བ་ལ་ཡང་འཇམ་པ་དང༌།རྩུབ་པ་དང༌།ལྕི་བ་དང༌།ཡང་བ་ཞེས་བྱ་བའི་རྐྱུར་བྱས་པའི་གཟུགས་ཡོད་པ་སྟེ།རླུང་གི་ཁམས་སུ་འགྱུར་དུ་དོགས་པའི་སྐྱོན་དུ་འགྱུར། གལ་ཏེ་གཡོ་བ་འབའ་ཞིག་སྨོས་ཀྱི་ཡང་བ་མ་སྨོས་ན་ནི་སེམས་ལས་བྱུང་བའི་ཆོས་བཤད་པའི་སྐབས་སུ་སེམས་པ་གང་ཞེ་ན།གང་སེམས་གཡོ་བའོ་ཞེས་འབྱུང་བའི་སེམས་པ་དེ་རླུང་གི་ཁམས་སུ་འགྱུར་དུ་དོགས་པའི་སྐྱོན་དུ་འགྱུར་ཏེ།དེ་བས་ན་གང་ཡང་བ་དང་གཡོ་བའི་ཆོས་གཉིས་གང་ཡོད་པ་དེ་ན་རླུང་གི་ཁམས་ཀྱི་མཚན་ཉིད་དོ།།
འོ་ན་ཁམས་ཀྱི་དོན་ཅི།ཁམས་ཀྱི་དོན་ནི་འཛིན་པར་བྱེད་པའི་དོན་སྟེ།རྒྱུར་བྱས་པའི་གཟུགས་བཅུ་གཅིག་འཛིན་པས་ན།སའི་ཁམས་ཆུའི་ཁམས་མེའི་ཁམས་རླུང་གི་ཁམས་ཞེས་བྱའོ།།ཡང་ན་རང་དང་སྤྱིའི་མཚན་ཉིད་འཛིན་པས་ན་ཁམས་ཞེས་བྱའོ།།ས་སྲ་བའི་མཚན་ཉིད་འཛིན་པ་དང་ཆུ་གཤེར་བའི་མཚན་ཉིད་འཛིན་པ་ལ་སོགས་པ་དང༌།མི་རྟག་པ་དང་སྡུག་བསྔལ་བ་དང༌།སྟོང་པ་དང༌།བདག་མེད་པ་སྟེ།སྤྱིའི་མཚན་ཉིད་འཛིན་པས་སོ།།
ཡང་ན་གང་ན་འབྱུང་བ་ཆེན་པོ་བཞི་གཅིག་ཡོད་པ་དེ་ན་གཅིག་གི་ནང་ན་ཡང་བཞི་ཆར་ཡང་ཡོད་དོ།།དཔེར་ན་ས་གང་ན་ཡོད་པ་ན་ཆུ་དང་མེ་དང་རླུང་ཡང་ཡོད།།ཆུ་གང་ན་ཡོད་པ་ན་ས་དང་མེ་དང་རླུང་ཡང་ཡོད་པ་ལས་དེ་ན་གང་མཐུ་ཆེ་ཞིང་ཤས་ཆེ་བ་དེ་ནི་ས་ཞེས་དངོས་སུ་མིང་གིས་སྨོས་ལ།ཆུ་དང༌།མེ་དང༌།རླུང་ལྟ་བུ་ཤས་ཆུང་ཞིང་མཐུ་ཆུང་བར་གནས་པ་ལ་ནི་ཁམས་ཞེས་བྱའོ།།དེའང་དཔེར་ན་ཕྱེ་ཕུལ་གང་དང་ལན་ཚྭ་ཕུལ་གང་བསྲེས་པ་ལས་ལན་ཚྭ་མཐུ་ཆེ་ཞིང་ཤས་ཆེ་བར་གྱུར་བས་ལན་ཚྭ་ཁ་ཞིང་དངོས་སུ་མིང་གིས་འབྱིན་ཀྱང་ཕྱེ་དེ་ན་ཁམས་ཀྱི་མཚན་ཉིད་དུ་མེད་པ་མ་ཡིན་ཏེ་ཡོད་དོ།།
འབྱུང་བ་ཆེན་པོ་གཅིག་ཡོད་པ་ན་ཀུན་ཡོད་པར་ཅི་མངོན་ཞེ་ན།།བཅོམ་ལྡན་འདས་ཀྱི་མདོ་ལས་ཀྱང་འབྱུང་ལ་རིགས་པས་བརྟགས་ན་ཡང་མངོན་ནོ།།
ལུང་ལས་འབྱུང་བ་ནི་མངལ་དུ་འཕོ་བའི་མདོར་དགའ་བོ་ཕ་དང་མའི་མི་གཙང་བ་སྐ་བ་ལས་ལུས་སུ་གྱུར་པ་ལ་ས་དང་ཆུ་དང་མེ་དང་རླུང་རྣམས་སྲ་བ་དང་སྡུད་པ་དང༌།སྨིན་པ་དང་འཕེལ་བའི་བྱ་བ་བྱེད་་ཅིང་གནས་སོ།།གལ་ཏེ་དགའ་བོ་དེ་ན་སའི་ཁམས་ཡོད་ལ་ཆུའི་ཁམས་མེད་ན་ནི་ཕྱེའམ་ཐལ་བའི་ཆང་བུ་བཞིན་དུ་སྐམས་པའམ་འཐུལ་བར་འགྱུར་ཏེ།ཆུས་བསྡུས་པས་ན་འཐུལ་ཞིང་མི་འཇིག་གོ།གལ་ཏེ་ཆུ་ཡོད་ལ་ས་མེད་ན་ནི་འབྲུ་མར་རམ་ཡུངས་མར་བཞིན་དུ་འཛག་ཅིང་འབོ་བར་འགྱུར་རོ།།གལ་ཏེ་ས་དང་ཆུ་ཡོད་ལ་མེ་མེད་ན་ཤ་རུལ་བཞིན་དུ་མྱགས་པར་འགྱུར་རོ།།གལ་ཏེ་ས་དང་ཆུ་དང་མེ་ཡོད་ལ་རླུང་མེད་ན་ནི་ཇི་ཙམ་དུ་གནས་པ་ལས་འཕེལ་ཞིང་རྒྱས་པར་མི་འགྱུར་རོ་ཞེས་གསུངས་སོ།
རིགས་པས་བརྟགས་ན་ཡང་གཅིག་གང་ན་ཡོད་པ་ན་ཀུན་ཡོད་པར་མངོན་ཏེ་རྡོ་བ་དང་ཤིང་ལ་སོགས་པ་འབྱར་ཞིང་སོ་སོར་མ་གྱེས་པས་ན་སའི་ཁམས་ལ་ཆུའི་ཁམས་ཡོད་པར་མངོན་ནོ།།རྡོ་དང་ཤིང་ལ་སོགས་པ་གཡོ་ཞིང་འགུལ་བས་ན་རླུང་གི་ཁམས་ཡོད་དོ།།རྡོ་གཉིས་ཕན་ཚུན་དུ་ཕྲད་པ་ལས་མེ་སྟག་འབྱུང་བས་ན་མེའི་ཁམས་ཡོད་དོ།།
ཆུའི་ཁམས་ལ་ཡང་གྲུ་དང་འདབ་མ་ལ་སོགས་པ་འཛིན་ཅིང་རྟེན་བྱེད་པས་ན་ཆུའི་ཁམས་ལ་ཡང་སའི་ཁམས་ཡོད་པར་མངོན་ནོ།།ཆུའི་ནང་དུ་ཤིང་གི་འདབ་མ་དང་རྩྭ་ལྷུང་བ་འདྲུལ་ཞིང་ཆུ་དྲོན་པོ་དག་ཀྱང་དམིགས་པས་ན་ཆུའི་ནང་ན་མེ་ཡོད་པར་མངོན་ནོ།།ཐུར་དུ་འབབ་ཅིང་གཡོ་བས་ན་རླུང་ཡོད་པར་མངོན་ནོ།
རླུང་གི་ཁམས་ལ་ཡང་འདབ་མ་དང་རྩྭ་འཛིན་ཅིང་འདེགས་པས་ན་སའི་ཁམས་ཡོད་པར་མངོན་ནོ།རླུང་གི་དྲོ་བ་དག་ཀྱང་དམིགས་ལ་རྫས་བརླན་པ་རྣམས་རླུང་ལ་ཕྱར་ན་སྐམ་པར་འགྱུར་བས་མེའི་ཁམས་ཡོད་པར་མངོན་ནོ།།འཚུབ་མ་དང་རླུང་གཅིག་ཏུ་འདུས་ཤིང་འགྱུར་ཞིང་འབྱུང་བས་ན།ཆུའི་ཁམས་ཀྱང་ཡོད་པར་མངོན་ནོ།
མེའི་ཁམས་ལ་ཡང་མེ་ལྕེ་གཅིག་གིས་གཅིག་འཛིན་པ་དང༌།མེ་ལྕེས་འདབ་མ་དང་རྩྭ་ལ་སོགས་པ་འདེགས་ཤིང་འཛིན་པས་ན་སའི་ཁམས་ཡོད་པར་ཡང་མངོན་ནོ།།མེ་ལྕེ་རྣམས་ཀྱང་སོ་སོར་མི་འགྱེས་པར་གཅིག་ཏུ་འབར་བས་ན་ཆུའི་ཁམས་ཡོད་པར་མངོན་ནོ།།འགུལ་ཞིང་གཡོ་བས་ན་རླུང་གི་ཁམས་ཀྱང་ཡོད་པར་མངོན་ནོ།།
 
༣འབྱུང་བའི་ལས།
འབྱུང་བའི་ལས་ནི་བརྟན་པ་དང༌།སྡུད་པ་དང༌།སྨིན་པ་དང༌།འཕེལ་བར་བྱེད་པའོ།།སའི་ཁམས་ཀྱི་ལས་ནི་བརྟན་པར་བྱེད་པའོ།།ཆུའི་ཁམས་ཀྱི་ལས་ནི་སྡུད་པར་བྱེད་པའོ།།མེའི་ཁམས་ཀྱི་ལས་ནི་སྨིན་པར་བྱེད་པའོ།།རླུང་གི་ཁམས་ཀྱི་ལས་ནི་འཕེལ་བར་བྱེད་པའོ།།
 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号