ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
༣དེ་དག་སོ་སོར་རྒྱས་པར་བཤད་པ།
འབྲས་གཟུགས་དེ་དག་རྒྱས་པར་བཤད་པ་ལ།ཡུལ་ཅན་དབང་པོ་ལྔ།ཡུལ་དོན་ལྔ།ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གསུམ་མོ།།
()ཡུལ་ཅན་དབང་པོ་ལྔ།
བདག་པོ་བྱེད་པའམ་དབང་བྱེད་པའི་དོན་ནི་དབང་པོའོ།།དཔེར་ན།གཟུགས་ནི་མིག་གི་དབང་པོས་མཐོང་གི་སྣ་བའི་དབང་པོ་ལ་སོགས་པ་གཞན་གྱིས་མི་མཐོང་བ་དང༌།སྒྲ་ཡང་རྣའི་དབང་པོས་ཐོས་ཀྱི་མིག་ལ་སོགས་པ་གཞན་གྱིས་མི་ཐོས་པས།སོ་སོའི་ཡུལ་ལ་དབང་བྱེད་དོ།།
རང་རང་གི་ཡུལ་ལ་དབང་བྱེད་པའི་དབང་པོ་ལྔ་ནི་མདོ་ལས།ཟིན་པའི་འབྱུང་བ་ཆེན་པོའི་རྒྱུར་བྱས་པ་དྭངས་པ་གང་ཡིན་པ་ནི་མིག་གི་རྣམ་པར་སྨིན་པ་སྟེ།ཞེས་སོགས་གསུངས་པ་ལྟར་མིག་གི་དབང་པོ་དང༌།དེ་བཞིན་དུ་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོའོ།།དབང་པོ་ལྔ་པོ་འདི་དག་མིག་ཤེས་སོགས་རང་རང་གི་ཤེས་པའི་བདག་རྐྱེན་ཐུན་མོང་མིན་པ།དབང་རྟེན་ལ་བརྟེན་པའི་ནང་རང་གི་རྒྱུད་ཀྱི་གཟུགས་ཅན་དྭངས་པ་སྟེ།དབྱིབས་ཇི་ལྟར་ན་མིག་གི་དབང་པོ་མཐིང་ཁ་ཟླུམ་པོ་ཟར་མའི་མེ་ཏོག་ལྟ་བུའོ།།རྣ་བའི་དབང་གྲོ་གའི་འཛེར་བུ་གཅུས་པ་ལྟ་བུ།སྣ་ཡི་དབང་པོ་ཟངས་ཀྱི་མོ་ཁབ་གཤིབ་པ་ལྟ་བུ།ལྕེ་ཡི་དབང་པོ་ཟླ་བ་བཀས་པ་ལྟ་བུ་དཀྱིལ་དུ་ཅུང་ཟད་དབང་པོས་མ་ཁྱབ་པ་སེམས་ཅན་ལས་ཀྱིས་ཀླད་རྒྱ་ཟག་པས་ཞེ་མི་ལོག་པར་བྱེད་དོ།།ལུས་ཀྱི་དབང་པོ་བྱ་རེག་ན་འཇམ་གྱི་ལྤགས་པ་ལྟ་བུ་ཤ་སྐྱིའི་བར་ན་ཡོད་པའོ།
ཕུང་པོ་ལྔའི་བཤད་པ་ལས།མིག་གི་དབང་པོའི་མཚན་ཉིད་གང་ཞེ་ན།ཡུལ་ཁ་དོག་གཟུགས་དྭངས་པའོ།དེ་ཡང་མིག་གི་དབང་པོའི་ཡུལ་ནི།སྔོ་སེར་དཀར་དམར་ལ་སོགས་པ་ཡིན་ལ།དཔེར་ན།མེ་ལོང་དང་ཤེལ་དང་ཆུ་ལ་སོགས་གཟུགས་དྭངས་ཞིང་གསལ་བས་གཟུགས་བརྙན་སྣང་བ་བཞིན་དུ།མིག་གི་དབང་པོ་ཡང་གཟུགས་དྭངས་ཞིང་གསལ་བ་སྟེ།གཟུགས་དང་ཕྲད་པར་འགྱུར་བ་ན།གཟུགས་ཀྱི་གཟུགས་བརྙན་འབྱུང་བར་འགྱུར་ནས་གཟུགས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་པ་དེ་དང་མཐུན་པ་ཁོ་ནར་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་བྱེད་དོ།།དེ་བས་ན་གཟུགས་དྭངས་པ་ཞེས་བྱའོ།།
མིག་གི་དབང་པོའི་ཡུལ་རྡུལ་ཕྲ་རབ་ནི་མིག་སྤྲིན་གྱི་ནང་ན་ཟར་མའི་མེ་ཏོག་ཁ་འབུས་ལྟར་གནས་སོ།།དེས་ན་གཟུགས་ཀྱི་རྒྱུ་མ་སྨྲོས་པར་དྭངས་པ་འབའ་ཞིག་སྨྲོས་ན་སེམས་བྱུང་སྐབས་ཀྱི་དད་པའི་དྭངས་པ་དེ་ཡང་དབང་པོ་ཡིན་ནམ་སྙམ་ཕྱིར་དེ་གཅོད་དེ།དད་པ་དྭངས་པ་ཡིན་ཡང་གཟུགས་ཀྱི་རང་བཞིན་མ་ཡིན་ལ་མིག་གི་དབང་པོ་ནི་གཟུགས་ཡིན་ནོ།གཟུགས་འབའ་ཞིག་སྨྲོས་ལ་དྭངས་པ་མ་སྨྲོས་ན་རྡོ་དང་ཤིང་ལ་སོགས་པའི་གཟུགས་ཀྱང་མིག་གི་དབང་པོ་ཡིན་ནོ་སྙམ་དུ་གོལ་བར་འགྱུར་ལ་ལིང་ཏོག་གིས་ཁེབས་པ་དང་དམུས་ལོང་དག་ལ་ཡང་མིག་གི་དབང་པོ་ཡོད་པའི་སྐྱོན་དུ་འགྱུར་བས་ན་དྭངས་པའི་སྒྲ་སྨྲོས་ཏེ།རྡོ་དང་ཤིང་ལ་སོགས་པ་དང་ལིང་ཏོག་གིས་ཁེབས་པ་དང་དམུས་ལོང་ལ་སོགས་པ་གཟུགས་ཡིན་དུ་ཟིན་ཀྱང་དྭངས་པ་མེད་པའི་ཕྱིར་དབང་པོ་མ་ཡིན་ནོ།
ཡང་གཟུགས་དྭངས་པ་སྨྲོས་པས་ཆོག་གི་ཡུལ་ཁ་དོག་སྨྲོས་པ་ཇི་དགོས་ཞེ་ན།དགོས་པ་རྣམ་པ་གཉིས་ཡོད་པའི་མི་བརྗོད་དུ་མི་རུང་སྟེ།གཟུགས་དྭངས་པ་འབའ་ཞིག་སྨྲོས་ཏེ་ཡུལ་ཁ་དོག་མ་སྨྲོས་ན་སྣ་བ་ལ་སོགས་པའི་དབང་པོ་ཡང་གཟུགས་དྭངས་པ་ཡིན་པས་དེ་མིག་དབང་ཡིན་ནོ་སྙམ་དུ་གོལ་བར་འགྱུར་ལ།རང་བྱུང་མེ་ལོང་དང་ཆུ་ཤེལ་ལ་སོགས་པ་ཡང་གཟུགས་དྭངས་པ་ཡིན་པས།དེ་དག་མིག་དབང་ཡིན་ནོ་སྙམ་ལ།དེ་དག་གཟུགས་དྭངས་པ་ཡིན་ཀྱང་ཡུལ་ཁ་དོག་མ་ཡིན་ནོ།དེ་བས་ན་གང་ཡུལ་ཁ་དོག་ཀྱང་ཡིན།གཟུགས་ཀྱང་ཡིན།དྭངས་པ་ཡང་ཡིན་པ་དེ་ནི་མིག་གི་དབང་པོའི་མཚན་ཉིད་དོ།།
རྣ་བའི་དབང་པོའི་མཚན་ཉིད་གང་ཞེ་ན།ཡུལ་སྒྲ་གཟུགས་དྭངས་པའོ།དྭངས་ཞིང་གསལ་བའི་མཐུས་རྣ་བའི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་དོ།།དེའི་རྡུལ་ཕྲན་ནི་གྲོ་ག་གཅུས་པའི་མདུད་པ་ལྟ་བུའོ།།
སྣའི་དབང་པོའི་མཚན་ཉིད་ནི་ཡུལ་དྲི་གཟུགས་དྭངས་པའོ།།དེའང་ཤེལ་དང་མེ་ལོང་ལ་སོགས་པ་ལྟར་གཟུགས་དྭངས་ཞིང་གསལ་བའི་མཐུས་སྣའི་རྣམ་པར་ཤེས་པ་སྐྱེད་དོ།དེའི་རྡུལ་ཕྲན་ནི་མིག་སྨན་བསྐུ་བའི་ལྕགས་ཐུར་ལྟར་མཚུལ་བའི་ཐོག་ཐག་གནས་སོ།།
ལྕེའི་དབང་པོའི་མཚན་ཉིད་ནི་ཡུལ་རོ་གཟུགས་དྭངས་པའོ།ལྕེའི་དབང་པོའི་མཚན་ཉིད་དུ་དེའི་རྡུལ་ཕྲན་ནི།ཟླ་བ་ཕྱེད་པ་འདྲ་བར་ལྕེའི་དབུས་ཐོག་ཐག་ཏུ་སྐྲའི་ཁྱོན་ཙམ་ཞིག་དབང་པོས་མ་ཁྱབ་པར་གནས་ཏེ།དེའང་དབང་པོས་ཁྱབ་ན་ནི་ཀླད་རྒྱས་རྒྱུན་ཏུ་འཛག་པས་སྙིང་བོའི་ཕྱིར་ཡི་ག་འཆུས་པར་འགྱུར་རོ།
ལུས་ཀྱི་དབང་པོའི་མཚན་ཉིད་ནི།ཡུལ་རེག་བྱ་གཟུགས་དྭངས་པའོ།ལུས་ཀྱི་དབང་པོའི་ཡུལ་ནི་འཇམ་པ་དང༌།རྩུབ་པ་ལ་སོགས་པའི་རེག་བྱ་ཡིན་ལ།དེའང་ཤེལ་དང་མེ་ལོང་ལ་སོགས་པ་བཞིན་དུ་གཟུགས་དྭངས་ཞིང་གསལ་བ་སྟེ།ལུས་ཀྱི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་དོ།དེའི་རྡུལ་ཕྲན་ནི་པགས་པའམ་ཀོ་བ་བཞིན་དུ་ལུས་ཐོག་ཐག་ཁྱབ་པར་གནས་སོ།།ཁ་ཅིག་ནི་བེེཌྰུརྱའི་ཁ་དོག་འདྲ་བར་ལུས་ཀྱི་དབུས་ན་གནས་ཏེ།གང་དུ་རེག་བྱ་བྱུང་བ་དེར་རྒྱུག་གོ་ཟེར་རོ།།ཞེས་གསུངས་སོ།།
()ཡུལ་དོན་ལྔ།
ཡུལ་དོན་ལྔ་ནི་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ལས་བྱུང་པ་འབྲས་བུའི་གཟུགས་གང་ཞིག་དེའི་ཁྱད་པར་ཐ་མལ་བའི་མིག་སོགས་དབང་པོ་སོ་སོའི་གཟུང་བར་བྱ་བའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་ལྔ་སྟེ།གཟུགས་སྒྲ་དྲི་རོ་རེག་བྱའོ།
ཀ༡་གཟུགས་ཀྱི་སྐྱེ་མཆེད།
གཟུགས་ནི་མིག་གི་ཡུལ་ཏེ།མིག་གི་དབང་པོ་དང་མིག་གི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི་སྣ་བ་ལ་སོགས་པ་གཞན་གྱི་ཡུལ་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་བསྟན་པའོ།།དེ་ལ་དབྱེ་ན་ཁ་དོག་དང༌།དབྱིབས་ཀྱི་གཟུགས་གཉིས་སོ།།
ཁ༡ཁ་དོག
ཁ་དོག་ལ་སྔོ་སེར་དཀར་དམར་རྩ་བའི་ཁ་དོག་བཞི་དང༌།དེ་ལ་རང་བཞིན་དང་བཅོས་མ་གཉིས་གཉིས་ཡོད་ལ།དེའི་ཡན་ལག་ཏུ་སྤྲིན་དང༌།དུ་བ།རྡུལ་ཞེས་པ་རྡུལ་སོགས་ནམ་མཁར་འཕྱུར་བའི་སྐྱ་ལིང་ལིང་པོ་དང༌།ལྷོ་བུར་མའམ་རིན་ཆེན་བྱེ་མ་ཞེས་པའི་ཁུག་སྣ།ཉི་འོད།གྲིབ་མ།ཉིན་གྱི་སྣང་བ།མཚན་གྱི་མུན་པ་རྣམས་དང༌།ཡང་གཟུགས་གཞན་གྱི་གོ་སྐབས་རྙེད་པས་མངོན་པར་སྐབས་ཡོད་པ་གཟུགས་དེ་གཞན་ལ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བ་བར་སྣང་སྐྱ་སིང་པོ་ལྟ་བུ་དང་གཟུགས་བརྙན་སོགས་ཀྱང་དེ་དང་ཆ་འདྲའོ།།ཕྱག་འཚལ་བ་ལྟ་བུ་སོགས་རྣམ་པར་རིག་བྱེད།འཛམ་བུ་གླིང་པའི་སྟེང་གི་ནམ་མཁའ་རི་རབ་ཀྱི་ཕྱོགས་བཞིའི་ཁ་དོག་བཞི་ལས་ལྷོ་ཕྱོགས་བེེཌྰུརྱའི་འོད་ཀྱི་སྣང་བས་སྔོན་པོ་ཁ་དོག་གཅིག་པ་རྣམས་ཏེ་ཕྱོགས་བཞིའི་རྒྱ་མཚོའི་མདོག་ཀྱང་དེ་ལྟར་སྣང་བས་རྒྱ་མཚོ་ཆེན་པོ་བཞི་ཞེས་བཤད་ལ།འདི་རྣམས་ཀྱང་གཟུགས་སུ་བསྡུ་བའི་ཆེད་དུ་བཤད་དོ།།མདོ་འགྲེལ་ཁ་ཅིག་ལས།རྡུལ་དང་ཁུག་སྣ།སྤྲིན་དང་དུ་བ་བཞི་བོ་འདི་འཇིག་རྟེན་པས་རྫས་སུ་མ་གྲུབ་པར་འདོད་པའི་ལོག་རྟོག་དགག་པའི་ཕྱིར་དང༌།སྣང་བ།མུན་པ།གྲིབ་མ།ཉི་འོད་བཞི་བོ་འདི་འཇིག་རྟེན་པའི་ཅི་ཡང་མ་ཡིན་པར་འཛིན་པའི་ལོག་རྟོག་དགག་པའི་ཕྱིར་གསུངས་པར་བཞེད་དོ།།
རྩ་བའི་ཁ་དོག་གི་ཆ་ཤས་འདྲེས་པ་ལས་བྱེ་བྲག་གི་ཡན་ལག་མང་དུ་འགྱུར་ཏེ།སེར་པོ་དང་འདུས་པའི་སྔོན་པོ་ཤས་ཆེ་བ་ལྗང་གུ།དམར་པོ་དང་འདུས་པའི་སྔོན་པོ་ཤས་ཆེ་བ་ནག་པོ།དམར་པོ་དང་འདུས་པའི་སེརཔོ་ཤས་ཆེབ་ངུར་ཁ།དཀར་པོ་དང་འདུས་བའི་སེར་པོ་ཤས་ཆེ་བ་སྐྱེར་ཁ།དཀར་པོ་འདྲེས་པའི་སྔོན་པོ་ལ་སྔོ་སྐྱ་སོགས་སུ་འགྱུར་རོ།
ཁ༢དབྱིབས་གཟུགས།
དབྱིབས་གཟུགས་ལ།ཕན་ཚུན་ལྟོས་ནས་རིང་པོ་དང་ཐུང་ངུ༌།ངོས་ཀུན་ནས་མཉམ་པ་སྟེ་ཕ་ཝང་ལོང་བུ་ལྟ་བུ་གྲུ་བཞི་ལྷམ་པ་དང༌།རིལ་བུ་ཡོ་བཟུར་མེད་པ་ལྟ་བུ་ཟླུམ་པོ་མཉམ་པ་དང༌།མཐོ་བ་དང༌།དམའ་བ་དང༌།ཕྲ་བ་དང༌།རགས་པ།ལག་མཐིལ་ལྟ་བུ་མཉམ་པ་ཕྱལ་ལེ་བ།མཐོ་དམན་སྒང་གཤོང་སོགས་ཡོད་པས་མི་མཉམ་པ་ཕྱལ་ལེ་བ་མ་ཡིན་པ་རྣམས་ཀྱིས་སྤྱིར་བསྟན་ཏེ།ནང་གི་དབྱེ་བ་ལ།གྲུ་གསུམ།ཟླ་གམ།འཇོང་མོའམ་ནར་མོ་སོགས་མང་པོར་འགྱུར་མོདབྱིབས་དང་ཁ་དོག་དེ་དག་བཟང་ངན་བར་མ་གསུམ་དུ་འདུའོ།།
ཕུང་པོ་ལྔའི་བཤད་པ་ལས།གཟུགས་ལ་དབྱེ་ན།ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ།།དབྱེ་བ་དེས་ནི།ཐེ་ཚོམ་ཟ་བ་དང༌།ཕྱིན་ཅི་ལོག་ཏུ་འཛིན་པ་དང༌།མི་ཤེས་པ་རྣམས་ལ་གཟུགས་ལ་ཕྱེ་ན་རྣམ་པ་གསུམ་ཡོད་དོ་ཞེས་བསྟན་པའི་ཕྱིར།ཐེ་ཚོམ་ཟ་བ་ནི།ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་གཟུགས་ཡིན་ནམ་སྙམ་དུ་ཡིད་གཉིས་ཟ་བའོ།།ལོག་པར་འཛིན་པ་ནི་དེ་གསུམ་གཟུགས་མ་ཡིན་གྱི་གཟུགས་ཞེས་བྱ་བ་ནི་གཞན་ཞིག་ཡོད་དོ་སྙམ་དུ་སེམས་སོ།།མི་ཤེས་པ་ནི་གཟུགས་ལ་ཕྱེ་ན་དུ་ཡོད།གཟུགས་ཞེས་བྱ་བ་གང་ལ་བྱ་མི་ཤེས་པའོ།།ཞེས་གསུངས་སོ།།
ཀ༢སྒྲའི་སྐྱེ་མཆེད།
འདི་ལ་སྒྲ་སྤྱི་བཤད་པ་དང༌།རྗོད་བྱེད་ཀྱི་སྒྲ་བྱེ་བྲག་ཏུ་བཤད་པ་གཉིས།
ཁ༡སྒྲ་སྤྱིར་བཤད་པ།
སྒྲ་ནི་རྣ་བའི་ཡུལ་ཏེ།རྣ་བའི་དབང་པོ་དང་རྣ་བའི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི་མིག་ལ་སོགས་པ་དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ།དེ་ལ་ནང་རང་རྒྱུད་ཀྱི་སེམས་ཚོར་གྱིས་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་སེམས་ཅན་གྱི་ངག་དང་སེ་གོལ་གྱི་སྒྲ་ལྟབུ།དེས་མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ།ཆུ་ཀླུང་དང་རླུང་སོགས་ཀྱི་སྒྲ་ལྟ་བུ།ཟིན་མ་ཟིན་གཉིས་ཀ་ལས་བྱུང་བ་རྔ་བརྡུང་བའི་སྒྲ་ལྟ་བུའོ།།འདི་ལ་ཕུང་པོ་ལྔའི་བཤད་པ་ལས།སྒྲ་ལ་ཕྱེ་ན་གསུམ་སྟེ།ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་དང།མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་དང༌།གཉིས་ཀའི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའོ།།དེ་ལ་ཟིན་པ་ནི།སེམས་དང་སེམས་ལས་བྱུང་བས་ཡོངས་སུ་བཟུང་བ་སྟེ།གང་ལུས་སུ་གཏོགས་པ་སེམས་ཅན་རྣམས་ཀྱི་ལག་པ་དང་ངག་གི་སྒྲ་ནི་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲའོ།།མ་ཟིན་པ་ནི།སེམས་དང་སེམས་ལས་བྱུང་བས་ཡོངས་སུ་མ་བཟུང་བ་སྟེ།གང་རླུང་དང་ནགས་ཚུལ་དང་ཆུའི་སྒྲ་ནི་མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུལས་བྱུང་བའོ།།གཉིས་ཀ་ནི།གང་ཟིན་པའི་འབྱུང་བ་ཆེན་པོ་བཞི་ཡང་ཡོད་ལ་མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ཡང་ཡོད་པ་ལས་བྱུང་བ་སྟེ།དེ་ཡང་ལག་པ་དང༌།དབྱུག་གུ་དང་རྔ་སོགས་ཕྲད་པ་ལས་བྱུང་བའི་སྒྲ་ནི་གཉི་གའི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ།།ཞེས་གསུངས་པ་ལྟར་རོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号