ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
༤འབྱུང་བའི་གྲངས་ངེས།
ཅིའི་ཕྱིར་འབྱུང་བ་ཆེན་པོ་བཞི་ཁོ་ན་བཤད་ལ་ལྔ་དང་གསུམ་ལ་སོགས་པར་མ་བཤད་ཅེ་ན།ས་བོན་གྱི་རྟེན་དང་ས་བོན་བརླན་པ་དང༌།ས་བོན་སྨིན་པ་དང༌།འཕེལ་བ་འདི་བཞི་ཁོ་ནས་བྱེད་དེ་ལྔ་བཤད་དུ་ནི་དགོས་པ་མེད།གསུམ་བཤད་ན་མི་ནུས་པས་ཁྲིའི་རྐང་བ་བཞིན་ཏེ་བཞི་ཁོ་ནར་བཤད་དོ།།དེ་ལ་ས་བོན་གྱི་རྟེན་ནི་སའི་ཁམས་ཀྱིས་བྱེད་དོ།།ས་བོན་བརླན་པར་ནི་ཆུའི་ཁམས་ཀྱིས་བྱེད་དོ།།ས་བོན་སྨིན་པར་ནི་མེའི་ཁམས་ཀྱིས་བྱེད་དོ།ས་བོན་འཕེལ་བར་ནི་རླུང་གི་ཁམས་ཀྱིས་བྱེད་གོ།
ནམ་མཁའི་ཁམས་ཀྱང་ས་བོན་སྐྱེ་བ་ལ་གོ་འབྱེད་པར་བྱེད་ན་དེས་བསྣན་ཏེ་ཅིའི་ཕྱིར་འབྱུང་བ་ཆེན་པོ་ལྔར་མི་བཞག་ཅེ་ན།གོ་སྐབས་འབྱེད་པར་བྱེད་པ་ནི་གཟུགས་ཅན་གྱི་ཆོས་ཀྱིས་བྱེད་ལ་ནམ་མཁའ་ལ་ནི་གཟུགས་མེད་པས་གོ་སྐབས་འབྱེད་པ་མེད་པ་དང༌།འབྱུང་བ་ཆེན་པོ་བཞི་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་ལ་ནམ་མཁའ་ལ་སྐྱེ་བ་དང་འཇིག་པ་མེད་པས་འབྱུང་བ་ཆེན་པོ་ཞེས་མི་བྱའོ།
གཉིས་པ།འབྲས་གཟུགས།
འབྲས་གཟུགས་བཤད་པ་ལ་མདོར་བསྟན་པ།གཟུགས་སུ་འཇོག་པའི་འཐད་པ་དང་བཅས་པ་བསྟན་པ་དང༌།།དེ་དག་སོ་སོར་རྒྱས་པར་བཤད་པ།གཟུགས་རྡུལ་གྱི་མཐའ་བཤད་པ་བཞི།
༡མདོར་བསྟན་པ།
འབྲས་གཟུགས་ནི།དབང་པོ་ལྔ།དོན་ལྔ་དང་བཅུ།མཛོད་ལྟར་ན་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་བཅུ་གཅིགཀུན་བཏུས་ལྟར་ན།ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་བཅུ་གཅིག་གོ།
༢གཟུགས་སུ་འཇོག་པའི་འཐད་པ།
གཟུགས་ཕུང་འདི་དག་རེག་པ་དང་དཔྱད་པའི་སྒོ་ནས་གཟུགས་སུ་ཡོད་པར་བཞག་པ་གཉིས།
(རེག་པའི་སྒོ་ནས་གཟུགས་སུ་ཡོད་པར་བཞག་པ།
ལག་པ་དང་དབྱུག་པ་དང་རླུང་དང་སྡོམ་སྡིག་སྦྲུལ་གྱིས་རྨུགས་པ་སོགས་ཀྱི་ཐུག་རེག་ཡོད་པ་སྟེ་ལག་པའི་འདུས་ཏེ་རེག་ན་གཟུགས་སུ་རུང་བ་སྟེ།ཕྱི་ནང་གི་གཟུགས་སྔར་དང་མི་འདྲ་བར་འགྱུར་བ་དང༌།དེ་བཞིན་བོང་བས་རེག་པས་ཁ་དོག་དང༌།དབྱུག་པས་དབྱིབས་དང༌།མཚོན་གྱིས་རྨ་དུམ།གྲང་བས་སྤུ་ལོང་དང་འཁྱག་པ།ཚ་བས་ཆུ་བུར་དང་འཇུ་བ།བཀྲེས་སྐོམ་གྱིས་ཉམ་རིད་པ།སྦྲང་བུས་འབྲུམ་སྐྲང༌།རླུང་གིས་འཐོར་སྐམ།སྡིག་སྦྲུལ་གྱིས་རེག་པོ་སོགས་ཀྱིས་གཟུགས་སྔར་དང་མི་འདྲ་བར་འགྱུར་བ་སྟེ།བཀྲེས་སྐོམ་དག་ནང་དང༌།གཞན་རྣམས་ཕྱི་སྟེ་སེམས་ཅན་དུ་གཏོགས་མི་གཏོགས་གཉིས་ཡོད་དོ།
(དཔྱད་པའི་སྒོ་ནས་གཟུགས་སུ་ཡོད་པར་བཞག་པ།
མངོན་དུ་གྱུར་པའི་ཀེང་རུས་སོགས་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་འདི་ལྟ་བུའོ་ཞེས་མི་སྡུག་པ་སོགས་ཀྱི་ཏིང་ངེ་འཛིན་དང་བསམ་གཏན་ལ་མཉམ་པར་བཞག་པས་ལྷའི་མིག་སོགས་ཐོབ་པས་གཟུགས་སོགས་མཐོང་བ་རྒྱ་ཆེ་བའམ་མཉམ་པར་བཞག་པ་འདོད་པའི་ཡིད་རྟོག་བཅས་ཀྱིས་སྒྲ་དོན་སྦྱར་ནས་འཛིན་པས་རྒྱ་ཆུང་བར་གཟུགས་འདི་ནི་འདི་ལྟ་བུའོ་ཞེས་རྟོག་པ་དང་མཚུངས་ལྡན་གྱིས་གསལ་པོར་བཀྲ་བར་བཟུང་བས་སོ།།ཕྱི་མ་འདི་ཀུན་ལ་ཡོད་ཅིང༌།དང་པོ་ནི་ཚ་གྲང་བཀྲེས་སྐོམ་སོགས་གཟུགས་ན་སྤྱོད་པའི་ལྷ་ལ་མེད་དོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号