ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
སྒྲ་ཐོས་པ་དེས་གཞི་མི་སོགས་སེམས་ཅན་དུ་ཡིན་པར་སྟོན་པ་དང་སྒྲ་དེའི་བླང་དོར་གྱི་དོན་རྗོད་ཅིང་བརྡ་སྤྲོད་པར་བྱེད་པ་མི་སོགས་ཀྱི་ངག་ལྟ་བུ།སྒྲ་དེས་སེམས་ཅན་དུ་མི་སྟོན་པ་དང་དོན་བརྗོད་པར་མི་བྱེད་པ་ཆུ་རླུང་སོགས་ཀྱི་སྒྲ་ལྟ་བུ།དོན་བརྗོད་བྱེད་དེ་ལ་ཡང་འཇིག་རྟེན་པས་ཐ་སྙད་བཏགས་པ་ཀ་བུམ་སོགས་དང༌།འཕགས་པའི་ཐ་སྙད་བཏགས་པ་རྣམ་ཐར་སྒོ་གསུམ་ཕར་ཕྱིན་སོགས་ཀྱི་ཁྱད་པར་ཡོད་ཅིང༌།དེ་དག་ལ་སྙན་མི་སྙན་བར་མར་དབྱེ་བ་རྣམས་སོ།།
 
དེ་ཡང་གནད་བསྡུས་ན།ཟིན་པའི་སེམས་ཅན་དུ་སྟོན་པའི་སྒྲ་ལ་སྙན་པ།མི་སྙན་པ།སྙན་པ་སྐྱེས་བུས་ཆོས་འཆད་པའི་སྒྲ་ལྟ་བུ།མི་སྙན་པ་སྐྱེས་བུས་ཚིག་རྩུབ་སྨྲ་བའི་སྒྲ་ལྟ་བུའ།
ཟིན་པའི་སེམས་ཅན་དུ་མི་སྟོན་པའི་སྒྲ་ལ་སྙན་མི་སྙན་གཉིས།སྙན་པ་ནི།སྐྱེས་བུས་ཐལ་མོ་བརྡབ་པའི་སྒྲ་ལྟ་བུའོ།།མི་སྙན་པ་སྐྱེས་བུས་ཁུ་ཚུར་བརྡེག་པའི་སྒྲ་ལྟ་བུའོ།།
མ་ཟིན་པའི་སེམས་ཅན་དུ་སྟོན་པ་ལ་སྙན་མི་སྙན་གཉིས།སྙན་པ་ལྷའི་རྔ་བོ་ཆེས་ཆོས་སྟོན་པའི་སྒྲ་ལྟ་བུའོ།།མི་སྙན་པ་བྱང་སྒྲ་མི་སྙན་གྱི་དཔའ་བོའི་ལྗོན་ཤིང་གིས་འཆི་བ་སྟོན་པའི་སྒྲ་ལྟ་བུ།།
མ་ཟིན་པ་སེམས་ཅན་དུ་མི་སྟོན་པའི་སྒྲ་ལ་སྙན་མི་སྙན་གཉིས།སྙན་པ་ནི་དྲིལ་བུ་རླུང་གིས་བསྐྱོད་པའི་སྒྲ་ལྟ་བུའོ་དང༌།མི་སྙན་པ་ནི་བྲག་རལ་བའི་སྒྲ་ལྟ་བུའོ།
ཁ༢རྗོད་བྱེད་ཀྱི་སྒྲ་བྱེ་བྲག་ཏུ་བཤད་པ།
རྗོད་བྱེད་ཀྱི་སྒྲ་ཞེས་པ་བྱེ་བྲག་ཏུ་བཤད་པ་ལ།སྒྲའི་བརྗོད་བྱ་དང་རྗོད་བྱེད་ཀྱི་སྒྲ་བཤད་པ་གཉིས།
ག༡སྒྲའི་བརྗོད་བྱ།
བརྡའི་དབང་གིས་གོ་བར་བྱ་བ་བརྗོད་བྱའི་མཚན་ཉིད།བརྗོད་བྱ།ཡུལ་དང༌།གཞལ་བྱ་གསུམ་དོན་གཅིག་གཞི་གྲུབ་ན་སྒྲའི་བརྗོད་བྱ་ཡིན་པས་ཁྱབ་བོ།།མཚན་ཉིད་ཀྱི་དོན་ནི།རྗོད་བྱེད་ཀྱི་སྒྲ་ལ་བརྟེན་ནས་རྟོག་ངོར་སྣང་བ་སྟེ།ཆོས་དེའི་སྒྲ་དོན་གྱི་སྤྱི་སྣང་བའི་དབང་གིས་ཏེ་སྒྲ་དོན་གྱི་སྤྱི་སྣང་བའི་སྒོ་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཆོས་དེ་ལ་བརྗོད་བྱ་ཞེས་བྱའོ།།
ག༢རྗོད་བྱེད་ཀྱི་སྒྲ་བཤད་པ།
བརྡའི་དབང་གིས་རང་ཡུལ་གོ་བྱེད་ཀྱི་མཉན་བྱ་དེ།རྗོད་བྱེད་ཀྱི་སྒྲའི་མཚན་ཉིད།དེ་ནི་སྒྲ་ལ་བརྟེན་ནས་བརྡ་སྟེ་མིང་དོན་ཀྱི་སྤྱིའམ།མིང་དང་དོན་གྱི་ཆ་འདྲ་ཤར་བ་ལ་བརྟེན་ནས་རང་གི་ཡུལ་གང་ཡིན་པ་དེ་གོ་བྱེད་ཀྱི་མཉན་བྱའམ་སྒྲ་དེ་རྗོད་བྱེད་ཀྱི་སྒྲ་ཞེས་པའོ།།རྗོད་བྱེད་ཀྱི་སྒྲ་ལ་དབྱེ་ན།ངོ་བོའི་སྒོ་ནས་དབྱེ་བ་དང༌། བརྗོད་བྱའི་སྒོ་ནས་དབྱེ་བ་དང༌།རྗོད་ཚུལ་གྱི་སྒོ་ནས་དབྱེ་བ་གསུམ་མོ།།
ང༡ངོ་བོའི་སྒོ་ནས་དབྱེ་བ།
ངོ་བོའི་སྒོ་ནས་དབྱེ་ན་མིང་དང༌།ཚིག་དང༌།ཡི་གེ་གསུམ་མོ།།
ཅ༡མིང༌།
མིང་བཤད་པ་ལ་མཚན་ཉིད་དང་དབྱེ་བ་གཉིས་ལས།དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཚིག་ཡི་གེ་གསུམ་དུ་དབྱེ་བའི་མིང་གི་མཚན་ཉིད་སྟེ།མཚན་གཞི་ཀ་བ་ཞེས་བརྗོད་པའི་སྒྲ་ལྟ་བུ།
དེ་ལ་དབྱེ་ན་དངོས་མིང་དང་བཏགས་མིང་གཉིས།དངོས་མིང་གི་མཚན་ཉིད་ནི།རང་ཉིད་ཆོས་དེ་ལ་སྦྱར་བའི་བརྡ་གང་ཞིགརང་ཉིད་ལ་བརྟེན་ནས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པ།མཚན་གཞི་ལྟོ་ལྡུར་བ་ལ་བུམ་པ་ཞེས་བརྗོད་པ་ལྟ་བུ།མིང་དེའི་དོན་དེ་ཆོས་དེ་ཡིན་པ་ནི་ཆོས་དེ་ལ་མིང་དེ་འཇུག་པའི་དོན་ཡིན་ནོ།
བཏགས་མིང་གི་མཚན་ཉིད་ནི།རང་ཉིད་ཆོས་དེ་ཐོག་མར་བརྡ་སྦྱར་བའི་གཞི་མིང་གང་ཞིག་རང་ཉིད་ཆོས་དེ་ལ་མི་འཇུག་པ་དེ་ཆོས་དེའི་བཏགས་མིང་གི་མཚན་ཉིད།མཚན་གཞི་ནི།སྨན་བྱ་རོག་རྐང་ལ།བྱ་རོག་རྐང་ཞེས་བརྗོད་པ་ལྟ་བུའོ།།བཏགས་མིང་ལ་དབྱེ་ན།རྒྱུ་མཚན་དང་འབྲེལ་བའི་བཏགས་མིང་དང༌།རྒྱུ་མཚན་མེད་པའི་འདོད་རྒྱལ་གྱི་བཏགས་མིང་གཉིས་སོ།།
ཅ༢ཚིག
དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པ་དེ་ཚིག་གི་མཚན་ཉིད།མཚན་གཞི་སྒྲ་མི་རྟག་ཅེས་པ་དང༌།སྒྲའི་མི་རྟག་ཅེས་བརྗོད་པའི་སྒྲ་ལྟ་བུ།
ཅ༣ཡི་གེ
མིང་ཚིག་སོགས་རྩོམ་བྱེད་ཀྱི་གཞིར་གྱུར་བའི་སྐད་ཀྱི་གདངས་དེ་ཡི་གེའི་མཚན་ཉིད།མཚན་གཞི་ནི་བུམ་པའི་དངོས་མིང་གི་རྩོམ་གཞིར་གྱུར་བའི་བ་དང་མ་དང་ཨུ་དང་པ་རྣམས་རེ་རེ་ནས་སོ།།
ང༢བརྗོད་བྱའི་སྒོ་ནས་དབྱེ་བ།
གཉིས་པ་བརྗོད་བྱའི་སྒོ་ནས་དབྱེ་ན།རིགས་བརྗོད་ཀྱི་སྒྲ་དང༌།ཚོགས་བརྗོད་ཀྱི་སྒྲ་གཉིས་ཡོད།
ཅ༡རིགས་བརྗོད་ཀྱི་སྒྲ།
རིགས་བརྗོད་ཀྱི་སྒྲའི་མཚན་ཉིད་ནི།རྗོད་བྱེད་ཀྱི་སྒྲ་གང་ཞིག་རང་གི་དངོས་ཀྱི་བརྗོད་བྱར་གྱུར་བའི་རིགས་སྤྱི་ཡོད་པ་དེ་རིགས་རྗོད་ཀྱི་སྒྲའི་མཚན་ཉིད།མཚན་གཞི།ཤེས་བྱ་ཞེས་རྗོད་པའི་སྒྲ་དང༌།གཟུགས་ཞེས་རྗོད་པའི་སྒྲ་དང་བུམ་པ་ཞེས་རྗོད་པའི་སྒྲ་ལྟ་བུའོ།།
ཅ༢ཚོགས་རྗོད་ཀྱི་སྒྲ།
ཚོགས་རྗོད་ཀྱི་སྒྲ་ནི་རྗོད་བྱེད་ཀྱི་སྒྲ་གང་ཞིག་རང་ཉིད་རང་གི་དངོས་ཀྱི་རྗོད་བྱར་གྱུར་བའི་ཚོགས་སྤྱི་ཡོད་པ་དེ་ཚོགས་རྗོད་ཀྱི་སྒྲའི་མཚན་ཉིད།མཚན་གཞི་ནི།བུམ་པ་ཞེས་པའི་སྒྲ་དང༌།ཀ་བ་ཞེས་པའི་སྒྲ་དང༌།ལྷས་བྱིན།ཀ་བུམ་གཉིས་ཞེས་རྗོད་པའི་སྒྲ་ལྟ་བུའོ།།རིགས་སྤྱི་ཞེས་པ་སྤྱི་བྱེ་བྲག་གི་སྤྱི་ཡིན་ལ་ཚོགས་སྤྱི་ནི་དེའི་སྤྱི་མ་ཡིན་པར་རང་གི་ཡན་ལག་དུ་མ་ཚོགས་པ་ལ་བྱེད་པ་ཡིན་ནོ།།ཡན་ལག་བསལ་ན་རང་མིང་འདོར་བ་དེ་ཚོགས་སྤྱི་ཡིན་པའི་ཕྱིར་རོ།།
ང༣རྗོད་ཚུལ་གྱི་སྒོ་ནས་དབྱེ་བ།
རྗོད་ཚུལ་གྱི་སྒོ་ནས་དབྱེ་ན།མི་ལྡན་རྣམ་གཅོད་ཀྱི་སྒྲ་དང༌།གཞན་ལྡན་རྣམ་གཅོད་ཀྱི་སྒྲ་དང༌།མི་སྲིད་རྣམ་གཅོད་ཀྱི་སྒྲ་དང་གསུམ་མོ།།
ཅ༡མི་ལྡན་རྣམ་གཅོད་ཀྱི་སྒྲ།
གཞི་དེ་ལ་ཁྱད་ཆོས་དེ་མི་ལྡན་པ་རྣམ་པར་བཅད་ནས་ལྡན་པ་ཁོ་ནར་སྟོན་པའི་སྒྲ་དེ་མི་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད།མཚན་གཞི་ནི།སྒྲ་མི་རྟག་པ་ཁོ་ན་ཡིན་ཞེས་རྗོད་པའི་སྒྲ་དང༌།ཤེས་བྱ་ཡོད་པ་ཁོ་ན་ཡིན་ཞེས་དང༌།བུམ་པ་ནི་གཟུགས་ཉིད་ཡིན་ཞེས་རྗོད་པའི་སྒྲ་ལྟ་བུ།།
སྒྲ་མི་རྟག་པ་ཁོ་ན་ཡིན་ཞེས་རྗོད་པའི་སྒྲ་ཆོས་ཅན།མི་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་ཏེ།ཁྱད་གཞི་སྒྲ་དེ་ལ་མི་རྟག་པ་མི་ལྡན་པར་རྣམ་པར་བཅད་ནས།མཐའ་གཅིག་ཏུ་མི་རྟག་པ་ལྡན་པ་ཁོ་ན་ཡིན་པར་སྟོན་པའི་སྒྲ་ཡིན་པའི་ཕྱིར།།
ཅ༢གཞན་ལྡན་རྣམ་གཅོད་ཀྱི་སྒྲ།
གཞི་དེ་མ་ཡིན་པའི་གཞན་ལ་ཆོས་དེ་ལྡན་པ་རྣམ་པར་བཅད་ནས།གཞི་དེ་ཁོ་ན་ལ་ལྡན་པར་སྟོན་པའི་སྒྲ་དེ།གཞན་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད།མཚན་གཞི་ནི།སྒྲ་ཁོ་ན་ཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་དང༌།གཟུགས་ཁོ་ན་ལ་རྡུལ་རྫས་ཡོད་ཅེས་པའི་སྒྲ་དང༌།དངོས་པོ་ཁོ་ན་འདུས་བྱས་ཡིན་ཞེས་རྗོད་པའི་སྒྲ་ལྟ་བུའོ།། སྒྲ་ཁོ་ན་ཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་ཆོས་ཅན།གཞན་ལྡན་རྣམ་གཅོད་གྱི་སྒྲ་ཡིན་ཏེ།ཁྱོད་ཀྱིས་སྒྲ་མ་ཡིན་པའི་གཞི་གཞན་ལ་མཉན་བྱ་དེ་ལྡན་པའམ་ཡོད་པ་རྣམ་པར་བཅད་ནས།སྒྲོ་ཁོ་ན་ལ་མཉན་བྱའི་ཁྱད་ཆོས་དེ་ལྡན་པར་སྟོན་པའི་སྒྲ་ཡིན་པའི་ཕྱིར །དེར་ཐལ།སྒྲ་ཁོ་ན་མཉན་བྱ་ཡིན་ནོ་ཞེས་རྗོད་པའི་སྒྲ་འདིས་སྒྲ་ལས་གཞན་པའི་མཉན་བྱ་ཡོད་པ་བཅད་ནས་སྒྲ་མཉན་བྱ་ཡིན་པར་སྟོན་པའི་ཕྱིར་རོ།།
img195.jpg
ཅ༣མི་སྲིད་རྣམ་གཅོད་ཀྱི་སྒྲ།
གཞི་དེ་ལ་ཆོས་དེ་མི་སྲིད་པ་རྣམ་པར་བཅད་ནས་སྲིད་པ་ཁོ་ནར་སྟོན་པའི་སྒྲ་དེ།མི་སྲིད་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད།མཚན་གཞི་ནི།ཨུཏྤལ་སྔོན་པོ་སྲིད་པ་ཁོ་ན་ཡིན་ཞེས་པ་དང༌།ཉན་ཐོས་ལ་ལམ་སྒོམ་པ་སྲིད་པ་ཁོ་ན་ཡིན་ནོ་ཞེས་བརྗོད་པའི་སྒྲ་ལྟ་བུའོ།ཨུཏྤལ་སྔོན་པོ་སྲིད་པ་ཁོ་ན་ཡིན་ཞེས་པའི་སྒྲ་ཆོས་ཅན།མི་སྲིད་རྣམ་གཅོད་ཀྱི་སྒྲ་ཁོ་ན་ཡིན་ཏེ།སྒྲ་དེས་ཨུཏྤལ་ལས་གཞན་པའི་སྔོན་པོ་ཡོད་པ་མི་གཅོད་ཀྱི་ཨུཏྤལ་སྔོན་པོ་མི་སྲིད་པ་རྣམ་པར་བཅད་ནས་སྔོན་པོ་སྲིད་པ་ཁོ་ནར་སྟོན་པའི་སྒྲ་ཡིན་པའི་ཕྱིར་རོ།
ཀ༣དྲིའི་སྐྱེ་མཆེད།
དྲི་ནི་སྣའི་ཡུལ་ཏེ།སྣའི་དབང་པོ་དང༌།སྣའི་རྣམ་པར་ཤེས་པའི་ཡུལ་ཡིན་གྱི་དབང་པོ་གཞན་གྱི་ཡུལ་མ་ཡིན་ནོ།།དེ་ལ་ཡང་དྲི་གང་ཞིག་ཚོར་བ་ལས་སྣའི་དབང་པོ་ལ་ཕན་འདོགས་པ་ཨ་གར་སོགས་དྲི་ཞིམ་པ།གནོད་པར་གྱུར་བ་ཀོ་རུལ་སོགས་དྲི་མི་ཞིམ་པའམ་དྲི་ང་བ།ཐ་མལ་དུ་གྱུར་བ་དེ་གཉིས་ཆ་མཉམ་པ།ཙནྡན་སོགས་ལྷན་སྐྱེས།སྤོས་སྦྱོར་སོགས་སྦྱར་བྱུང་ངོ༌།།
ཕུང་པོ་ལྔའི་བཤད་པ་ལས།དྲི་ལ་དབྱེ་ན།དྲི་ཞིམ་པ་དང༌།དྲི་མི་ཞིམ་པ་དང༌།དེ་ལས་གཞན་པའོ།དེ་ལ་དྲི་ཞིམ་པ་ནི་དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་པར་བྱེད་པ་སྟེ།ཙནྡ་ན་དང་གུར་གུམ་ལ་སོགས་པའི་དྲིའོ།།དྲི་མི་ཞིམ་པ་ནི་དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་གནོད་པར་བྱེད་པ་སྟེ།ངན་སྐྱུག་ལ་སོགས་པའི་དྲིའོ།།དེ་ལས་གཞན་པ་ནི་དབང་པོ་ལྔ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་གནོད་གང་ཡང་མི་བྱེད་པ་སྟེ།དྲི་ཞིམ་མི་ཞིམ་གང་ཡང་མ་ཡིན་པའོ།།དེ་ཡང་དུང་ཕོར་དང་ཉ་ཕྱིས་ལ་སོགས་པའི་དྲིའོ།།དྲི་ཞིམ་པ་ལ་ཡང་རྣམ་པ་གསུམ་སྟེ།ཙནྡ་དང་གུར་གུམ་ལ་སོགས་པའི་དྲི་ནི་ལྷན་ཅིག་སྐྱེས་པ་དང༌།བདུགས་པའི་རིལ་བུ་ལ་སོགས་པ་རྣམས་ནི་སྦྱར་བའོ།།ཨ་མྲའི་འབྲས་བུ་སྨིན་པ་ལ་སོགས་པའི་དྲི་ནི་སྨིན་པའོ།།དྲི་མི་ཞིམ་པའང་དེ་བཞིན་ནོ།ཞེས་གསུངས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号