ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༤༥༦༽

འདི་ལ་ཁང་པ་ཁང་ཆེན་གྱི་ལྟུང་བར་མ་བཅས་པའི་ཕྱིར་རོ། །འོ་ན་ས་གཞི་ལ་སྲོག་ཆགས་ཕྲ་མོ་ཡོད་པའམ་གཞན་གྱི་་་་་་སྒོ་དྲུང་གི་རྒྱ་སྲང་ལྟ་བུ། ལམ་སྲང་དོག་པ་ཉིད་དུ་བཅས་ལྡན་དགེ་སློང་གིས་སྤྱོད་ལམ་བཞིའི་སྣོད་མ་ཡིན་པའི་ཁང་པ་བརྩིགས་པ་ཆོས་ཅན། བཅས་ལྡན་དགེ་སློང་གིས་ཁང་པ་བརྩིགས་པ་ལ་བརྟེན་པའི་ཉེས་སྐྱོན་ཡོད་པར་ཐལ། བཅས་ལྡན་དགེ་སློང་གིས་ཁང་པ་བརྩིགས་པ་དེས་གཞན་ལ་གནོད་པའི་དགག་བྱ་ཡོད་པའི་ཕྱིར་རོ་ཞེ་ན། ཁང་པ་བརྩིགས་པ་ལ་བརྟེན་ནས་སྐབས་འདིར་གཏོགས་ཀྱི་ཉེས་སྐྱོན་ཡོད་པར་ཐལ་ཟེར་རམ། ཁང་པ་བརྩིགས་པ་ལ་བརྟེན་ནས་སྐབས་གཞན་དུ་གཏོགས་པ་གཞན་ལ་གནོད་འཚེ་བྱེད་པའི་ཉེས་སྐྱོན་ཡོད་པར་ཐལ་ཟེར། དང་པོ་ལྟར་ན་ཁྱབ་པ་མེད་ཅིང་། གཉིས་པ་ལྟར་ན་འདོད་པ་ཡིན་ཏེ། རབ་ཏུ་བྱུང་བས་གཞན་ལ་གནོད་འཚེ་བྱེད་པ་དེ་སྐབས་གཞན་དུ་བཀག་པ་སྟེ།་་་་་སོ་སོ་ཐར་པ་ལས་རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ་ཞེས། གཞན་ལ་མི་བདེ་བ་མི་བྱའོ་ཞེས་གསུངས་སོ། །གཉིས་པ་ནི་གནས་ལས་གྱུར་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་གནས་དེ་སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ན་ཅིར་འགྱུར་ཞེ་ན། ལྟུང་མེད་དུ་འགྱུར་བ་གསུམ་སྟེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་བརྩིགས་པ་ལས་ཁང་པ་ཁང་ཆེན་གྱི་ལྟུང་བ་མི་བསྐྱེད་པར་བཤད་ཟིན་ལ། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་ན་རིམ་པ་ལྷག་པར་བརྩིགས་པ་ལ་ཡང་ལྟུང་བ་མེད་དེ། ནུབ་གཅིག་ཏུ་ལྷག་པར་ཉལ་བ་སོགས་དང་རིམ་པ་ལྷག་པར་བརྩིགས་པའི་སྐབས་ལས་སྤྱོད་ལམ་བཞི་ཤོང་བའོ་ཞེས་གསུངས་ལ། དེའི་འགྲེལ་ཆུང་ལས། སྤྱོད་ལམ་བཞི་ཤོང་མན་ཆད་ནི་ཉེས་མེད་ཅེས་བཤད་དོ། །དེ་གསུམ་ལས་གཞན་པའི་སྐབས་སུ་ནི། གཙུག་ལག་ཁང་དུ་རྩྭ་དང་ལོ་མའི་གདིང་བ་མ་བསྡུས་པར་འགྲོ་བ་དང་། གཙུག་ལག་ཁང་ནས་བསྐྲོད་པ་ལ་སོགས་པ་དང་། གནས་གཅིག་ཏུ་ནུབ་ལྷག་པར་ཉལ་བ་ལ་སོགས་པ་སྟེ། གནས་ལས་གྱུར་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་སྤྱིར་བཏང་བ་དང་། དམིགས་བསལ་གཉིས་ལས། སྤྱིར་བཏང་ལ་སྤྱོད་ལམ་བཞི་མི་ཤོང་བའི་གནས་སུ་ནི། རང་རང་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ། ནུབ་ལྷག་པར་ཉལ་བ་ལ་སོགས་པ་ལ་ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་

༼༤༥༧༽

གི་དྲུང་དག་ནི་ཕྱེད་ཉིད་དོ་ཞེས་པ་དང་། འཐིབས་པོ་དང་བཅས་པ་དག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ་ལ་ཡང་ངོ་ཞེས་མཚན་ཉིད་དང་མི་ལྡན་ན་ལྟུང་བ་ན་སྨད་དུ་གསུངས་པའི་གནད་ཀྱིས་ཤེས་སོ། །ནུབ་ལྷག་པར་ཉལ་བའི་སྐབས་སུ་ཊཱི་ཀ་ལས། དབེན་པར་ནི་ལྷན་ཅིག་ཉལ་ཡང་ཉེས་པར་མི་འགྱུར་རོ། །ཞེས་དངོས་གཞིའི་ཉེས་མེད་དུ་བཤད་པའི་གནད་ཀྱིས་ཀྱང་ངོ་། །རིགས་པས་ཀྱང་ལྟུང་བ་འདི་རྣམས་ནི་གནས་ལས་གྱུར་པ་ཡིན་ལ། སྤྱོད་ལམ་བཞི་མི་ཤོང་ན་དེར་ནུབ་ཉལ་ལ་སོགས་པའི་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། གནས་ཚད་དང་ལྡན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །གལ་ཏེ་གནས་དོག་པར་གཞན་དང་ལྷན་ཅིག་ཉལ་ན་ཆགས་པ་ལ་སོགས་པའི་དགག་བྱ་ཆེ་བ་ལ་ལྟུང་བ་ན་སྨད་ལས་མི་སྐྱེད་ལ། གནས་ཡངས་པར་ནི་དགག་བྱ་དེ་དག་ཆུང་བ་ལ་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་འགལ་ཏེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་དུ་ནུབ་ལྷག་པར་ཉལ་བ་ལ་སོགས་པ་དེ་དག་ལ་ཆོས་ཅན། ལྟུང་བ་ན་སྨད་དུ་འགྱུར་བ་མི་འཐད་པར་ཐལ། དགག་བྱ་ཆེ་བའི་ཕྱིར་རོ་ཞེ་ན། བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་བའི་ཕྱིར་ཟེར་རམ། བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་བའི་ཕྱིར་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ཅིང་། གཉིས་པ་ལྟར་ན་གཏན་ཚིགས་མ་གྲུབ་སྟེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པའི་ནང་དུ་ནུབ་ལྷག་པར་ཉལ་བ་ལ་སོགས་པ་དེ་དག་བྱེད་པ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ་ཞེས་གསུངས་སོ། །དམིགས་བསལ་ནི་སྤྱོད་ལམ་བཞི་མི་ཤོང་ཡང་མི་གཉིས་ཉལ་དུ་ཤོང་ཙམ་གྱི་ཚད་དང་ལྡན་པའི་ཁང་བུར་བུད་མེད་དང་ལྷན་ཅིག་ཉལ་ན་ནི་ལྟུང་བ་རྫོགས་པར་བསྐྱེད་དོ་ཞེས་རིགས་ཏེ་སྐབས་འདི་ཉིད་ཀྱི་དགག་བྱ་ཤིན་ཏུ་ཆེ་བའི་ཕྱིར་རོ། །མི་གསུམ་ཤོང་ཙམ་གྱི་གནས་ཆུང་ངུར་འདུག་འགྲེང་གཉིས་ཀྱང་དེ་བཞིན་ནོ། །འོ་ན་གནས་ལས་གྱུར་པའི་ལྟུང་བ་རྣམས་ཀྱི་སྐབས་སུ། སྤྱོད་ལམ་བཞི་ཤོང་ཙམ་གྱི་གནས་ཉིད་ཡིན་ན་ཅིར་འགྱུར་ཞེ་ན། སྤྱོད་ལམ་བཞི་ཤོང་ཙམ་གྱི་གནས་ཆུང་ངུ་བརྩིགས་ན།་་་་་ཁང་པའི་ནི་སྦོམ་པོར་འགྱུར་གྱི་དངོས་གཞིར་མི་འགྱུར་ཏེ། ཚད་ལས་ལྷག་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ཁང་ཆེན་ལ་སོགས་པ་གནས་ལས་གྱུར་པ་གཞན་རྣམས་ལ་ནི། གནས་ཚད་ལས་ལྷག་པ་ཡན་

༼༤༥༨༽

ལག་ཏུ་མི་དགོས་པས། སྤྱོད་ལམ་བཞི་ཤོང་ཙམ་གྱི་གནས་ལས་ཀྱང་ཁང་ཆེན་ལ་སོགས་པ་གནས་ལས་གྱུར་པ་རང་རང་གི་ལྟུང་བ་རྫོགས་པར་བསྐྱེད་དེ། ཡན་ལག་གཞན་ཚང་ནའོ། །གསུམ་པ་ཞར་བྱུང་ནུབ་ལྷག་པར་ཉལ་བའི་ས་ཐག་གི་ཚད་གཏན་ལ་དབབ་པ་འདི་ལ་གཉིས་ཏེ། ཉེས་པ་མེད་པའི་ས་ཐིག་གི་ཚད་གཏན་ལ་དབབ་པ་དང་། དངོས་གཞི་བསྐྱེད་པའི་ས་ཐིག་གི་ཚད་གཏན་ལ་དབབ་པའོ། །དང་པོ་ནི། ནུབ་ལྷག་གི་སྐབས་ལས། ཉེ་འཁོར་་་་་་འདོམ་གང་། དང་བཅས་པ་ནས་གནས་ཁང་་་་་་ཁྲུ་ཕྱེད་དང་ལྔ། ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་་་་་་གནས་གཅིག་པ། ནི་མ་ཡིན་་་་་་ཏེ་ནུབ་ལྷག་གི་ལྟུང་བ་བསྐྱེད་པ་མ་ཡིན། ནོ་ཞེས་པས་བསྟན་ཏོ། །གཞུང་དེའི་དོན་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞན་གྱི་ལུགས་བརྗོད་པ་ནི། རྒྱ་་་་་་ཁ་ཅིག་ན་རེ་དེ་ལ་ཁྲུ་ཕྱེད་དང་བཅོ་ལྔ་ཡོད་དེ། ཉེ་འཁོར་དང་བཅས་ཞེས་པ་ནི་ཊཱི་ཀ་ལས་ཉེ་འཁོར་འདོམ་གང་ཙམ་དང་བཅས་ཞེས་བཤད་པས་ཁྲུ་བཞིའོ། །་་་་་མཛོད་ལས། འཛམ་བུ་གླིང་བ་རྣམས་ཀྱི་ཚད། །ཁྲུ་བཞི་བ་དང་ཕྱེད་དང་བཞི་ཞེས་གསུངས་པ་དེའི་རིང་ཤོས་ཁྲུ་བཞི་བརྩིའོ། །གནས་ཁང་ཙམ་ཞེས་པ་ནི་གནས་ཁང་ཆུང་ཚད་བཟུང་སྟེ། སྤྱོད་ལམ་བཞི་ཤོང་བ་ཙམ་མོ། །དེའང་འགྲེང་བ་མགོ་མ་བཏུད་པ་ཤོང་བའོ། །འགྲོ་བ་གོམ་པ་ཐ་མལ་པ་གསུམ་དོར་བ་ཤོང་བ་སྟེ་ཁྲུ་ཕྱེད་དང་བཞིའོ། །ཉལ་བ་རྐང་བརྐྱང་ལག་བརྐྱང་ཤོང་བ་སྟེ་ཁྲུ་་་་་་ཕྱེད་དང་ལྔའོ། །འདུག་རྒྱར་སྐྱིལ་མོ་ཀྲུང་ཤོང་བ་སྟེ་ཁྲུ་གང་ངོ་། །དེའང་བསྙེན་པར་རྫོགས་པ་དང་མ་རྫོགས་པ་གཉིས་ཀྱི་ཉལ་བའི་བར་གྱིས་ཐག་ཐད་ཀར་ཕན་ཚུན་དུ་བརྩི་བ་ན། འགྲེང་བའི་སྤྱོད་ལམ་ནི་དཔངས་་་་་་ཡན་མན། སུ་ཡིན་པས་་་་་་ཡན་མན་གྱི་ཐད་ཀར་བརྩི་བའི་སྐབས། འདིར་མི་བརྩིའོ། །བར་དེར་གནས་ཁང་ཙམ་དེ་དག་ཆུར་ཤོང་དགོས་པས། ཞེང་ཤོང་བ་ཙམ་གྱིས་མི་ཆོག་གི་དཀྱུས་ཤོང་དགོས་པས་ཉལ་བ་ན་རྐང་བརྐྱང་ལག་བརྐྱང་ཤོང་བ་སྟེ་ཁྲུ་ཕྱེད་དང་ལྔ་ཤོང་བའོ། །ཉལ་བ་དང་འགྲོ་བའི་སྤྱོད་ལམ་ནི་རིང་ཤོས་ཀྱི་ཁོངས་སུ་ཐུང་ཤོས་བསྡུའོ། །ཉལ་བའི་སྤྱོད་ལམ་ཤོང་བའི་གནས་ལས་འགྲོ་བའི་སྤྱོད་ལམ་ཤོང་བ་དེ་གུད་དུ་མི་བརྩི་སྟེ། འགྲེལ་ཆུང་ལས་ཁང་བུའི་ཆུར་གོམ་པ་གསུམ་འདོར་བའམ་ལུས་འཕྲེད་ན་ཤོང་བ་དང་ཞེས་ཐ་དད་པར་བརྟག་པའི་དོན་དུ་གསུངས་པ་དང་རིགས་པས་བརྟགས་ན་ཡང་གནས་ཁང་ཙམ་དེའི་ཞེང་ལ་ཁྲུ་གང་ལས་མེད་པར་དཀྱུས་ལ་

༼༤༥༩༽

ཉལ་བའི་སྤྱོད་ལམ་དང་། འགྲོ་བའི་སྤྱོད་ལམ་གུད་དུ་བརྩིས་ན་ཤིན་ཏུ་མི་རིགས་ཏེ། ཁང་པའི་ཞེང་དཀྱུས་ཧ་ཅང་མི་འཚམ་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །དེ་ལྟར་ན་གནས་ཁང་ཙམ་དེའི་ནང་གི་དཀྱུས་ལ་ཁྲུ་ཕྱེད་དང་ལྔ་ཤོང་བའོ། །རྩིག་ཞེང་གི་ཚད།་་་་་སོ་སོ་ཐར་པའི་འགྲེལ་པ་ལུང་གི་རྣམ་བཤད་ལས་རྩིག་ཞེང་གི་ཚད་ཁྲུ་གང་དུ་བཤད་པས། གནས་ཁང་ཙམ་དེའི་རྩིག་ཞེང་ནི་ཁྲུ་གང་སྟེ། ཕྱོགས་གཉིས་ཀྱི་རྩིག་ཞེང་གཉིས་ཡོད་པས། གནས་ཁང་ཙམ་ལ་ཁྲུ་ཕྱེད་དང་བདུན་ནོ། །གནས་དེའི་ཉེ་འཁོར་ལ་ཚད་ཇི་ཙམ་བརྩི་ན། གནས་ཁང་དེ་ལ་དགེ་སློང་ངོས་ཀྱི་ཉེ་འཁོར་གཞུང་ནས་བཤད་བྱུང་པས། བསྙེན་པར་མ་རྫོགས་པ་ངོས་ཀྱི་ཉེ་འཁོར་ཡང་ཡོད་པར་གྲུབ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཞན་དུ་ན་བསྙེན་པར་མ་རྫོགས་པ་ངོས་ཀྱི་ཉེ་འཁོར་མེས་འཚིག་གམ་ཆུས་ཁྱེར་རམ་རུལ་བར་གྱུར་ཏམ་ཅི། དེས་ན་ཕྱོགས་གཉིས་ཀའི་ཉེ་འཁོར་བརྩིས་པས་ཁྲུ་བཞི་ལན་གཉིས་དང་གནས་ཁང་ཙམ་ལ་ཁྲུ་ཕྱེད་དང་བདུན་ཏེ། ཁྲུ་ཕྱེད་དང་བཅོ་ལྔས་བར་དུ་བཅད་ན་ནུབ་ལྷག་གི་ཉེས་པ་མེད་པ་ཡིན་ནོ་ཞེས་འཆད་དོ། །དེ་ལ་ཁ་་་་་་ཤ་མི། ཅིག་ན་རེ་གཞན་དེ་ལྟར་ཡིན་ཡང་། སྐབས་འདིར་བསྙེན་པར་མ་རྫོགས་པ་ངོས་ཀྱི་ཉེ་འཁོར་བརྩི་བ་མི་འཐད་དེ། གནས་ཁང་ཙམ་ཞེས་ཙམ་ལྷག་མ་འགོག་པའི་སྒྲ་ཉིད་དུ་གསུངས་པའི་གཞུང་དང་འགལ་ཏེ། ཁྱེད་ལྟར་ན་ཉེ་འཁོར་དང་བཅས་པ་ནས་གནས་ཁང་དང་དེའི་ཡང་ཉེ་འཁོར་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་གསུང་པར་རིགས་པ་ལས་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །དེ་ལྟར་ན་ཁྲུ་ཕྱེད་དང་བཅོ་ལྔ་པོ་དེ་ལ་བསྙེན་པར་མ་རྫོགས་པ་ངོས་ཀྱི་ཉེ་འཁོར་ཁྲུ་བཞི་ཕྲི་བས། ཁྲུ་ཕྱེད་དང་བཅུ་གཅིག་གིས་་་་་་བསྙེན་པར་རྫོགས་པ་དང་མ་རྫོགས་པའི། བར་དུ་བཅད་ན་ནུབ་ལྷག་གི་ཉེས་པ་མེད་པ་ཡིན་ནོ་ཞེས་འཆད་དོ། །གཉིས་པ་རང་གི་ལུགས་བཞག་པ་ནི་ཁྲུ་ཕྱེད་དང་བཅུ་གཅིག་པོ་དེ་ལ་རྩིག་ཞེང་ཁྲུ་དོ་ཕྲི་བ་སྟེ། རྡུལ་ཁྲུ་ནས་བརྩིས་པའི་ཁྲུས་ཕྱེད་དང་དགུས་བར་དུ་བཅད་ན་ནུབ་ལྷག་གི་ཉེས་པ་མི་འབྱུང་སྟེ། རྩིག་ཞེང་ཁྲུ་དོ་བརྩི་མི་དགོས་པར་གང་གིས་གྲུབ་ན། ས་ཁྱིམ་དང་རྡོ་ཁྱིམ་པས་ཀྱང་རེ་ཁྱིམ་དང་ཀོ་ཁྱིམ་ཞེས་འཇིག་རྟེན་ན་གྲགས་པ་

༼༤༦༠༽

བཞིན་དུ།་་་་་རེ་ཁྱིམ་མམ་ཀོ་ཁྱིམ་གྱིས་བར་དུ་ཆོད་ན་ཡང་། གནས་ཁང་ཙམ་གྱིས་བར་དུ་ཆོད་པ་ཡིན་པར་གྲུབ་བོ། །དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱང་། ཐམས་ཅད་ཡོད་སྨྲའི་ལུགས་ཀྱིས་ཁྲུ་ཕྱེད་དང་དགུས་བར་དུ་ཆོད་ན་ནུབ་ལྷག་གི་ཉེས་པ་མེད་པ་ཡིན་གསུང་པ་དང་ཡང་མཐུན་ནོ། །གསུམ་པ་རྩོད་པ་སྤང་བ་ནི་དགེ་སློང་དང་བསྙེན་པར་མ་རྫོགས་པ་ལ་གནས་ཁང་ཙམ་གྱིས་ཐག་གིས་བར་དུ་བཅད་པ་དེ་ཆོས་ཅན། ས་ཐག་གི་དབང་གིས་ནུབ་ལྷག་པར་ཉལ་བའི་ཉེས་མེད་མ་ཡིན་པར་ཐལ། ཉེ་འཁོར་དང་བཅས་པའི་གནས་ཁང་ཙམ་གྱིས་བར་དུ་བཅད་པ་མ་ཡིན་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ན། ཉེ་འཁོར་དང་བཅས་པ་དགོས་པ་ཉམས་སོ། །འདོད་ན་་་་་་ནུབ་ལྷག་གི་སྐབས་འདི་ཉིད་ཀྱི། འགྲེལ་ཆུང་ལས་ཁང་མོ་ཆེ་ཞིག་ན་བདག་ཉལ་བ་ནས་བདག་གི་གནས་ཁང་གཅིག་ཙམ་གྱི་སས་བར་དུ་བཅད་དེ། དེ་ཕན་ཆད་དགེ་ཚུལ་བསྙལ་བ་ནི་ཉེས་པ་མེད་ཅེས་བཤད་དོ་ཞེ་ན། ཁང་མོ་ཆེ་ཞིག་ན་བདག་ཉལ་བ་ན།་་་་་ཉེ་འཁོར་དང་བཅས་པ་ནས་བདག་གིས་གནས་ཁང་གཅིག་ཙམ་གྱི་སས་བར་དུ་བཅད་དེ་ཞེས་དགོངས་པའོ།་་་་་ཉེ་འཁོར་དང་བཅས་པ་ནས་ཞེས་ཁ་སྐོང་དགོས་ཀྱི་གཞན་དུ་ན་མདོ་རྩ་བ་ལས་ཉེ་འཁོར་དང་བཅས་པ་ནས་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་དངོས་གཞི་བསྐྱེད་པའི་ས་ཐག་གི་ཚད་གཏན་ལ་དབབ་པ་ནི། གངས་ཅན་ལྗོངས་ཀྱི་འདུལ་འཛིན་སྔ་རབས་པ་རྣམས་གསུང་མཐུན་པར་འདི་སྐད་དུ། དགེ་སློང་དང་བསྙེན་པར་མ་རྫོགས་པ་ལ་འདོམ་གང་གིས་ནི་བར་དུ་ཆོད་ཅིང་ཉེས་མེད་ས་ཐག་གིས་མ་ཆོད་པའི་ནང་ཁོངས་སུ་ཉལ་ན་ཉེས་བྱས་སུ་འགྱུར་ལ། ནུབ་ལྷག་གི་ལྟུང་བ་དངོས་གཞི་བསྐྱེད་པ་ལ་ནི་་་་་་བསྙེན་པར་རྫོགས་པ་དང་མ་རྫོགས་པ། དེ་གཉིས་འདོམ་གང་གི་ནང་ཁོངས་སུ་ཉལ་བ་ཡན་ལག་ཏུ་དགོས་ཏེ། འགྲེལ་ཆུང་ལས་ཐང་དབྱེ་ལ་འདོམ་གང་ཚུན་ཆད་དུ་ཉལ་ན་ཉེས་བྱས་ཞེས་བཤད་པས། གནས་ཁང་དུ་འདོམ་གང་ཚུན་ཆད་དུ་ཉལ་ན་ལྟུང་བྱེད་ཅེས་གྲུབ་བོ་ཞེས་འཆད་དོ། །དེ་དགག་པ་ལ་གཉིས་ལས་དང་པོ་སྒྲུབ་བྱེད་གཞིག་པ་ནི། འགྲེལ་ཆུང་ལས་བཤད་པ་དེ་ནི། གཞན་གནས་མ་ཡིན་པ་ཉིད་ལ་ནི་ན་སྨད་དོ་ཞེས་་་་་་འབྲུ་སྣོན་པའི་བཤད་པ་ཡིན་ཏེ། དབྱེ་་་་་་སྒོ་དྲུང་། ཐང་ཀའི་སྟེང་ན་ཡོད་པའི་ཁང་བུ་སྒོ་མ་བཅད་པའི་ནང་ན་དགེ་སློང་ཉལ་ཏེ། ཁང་བུ་དེའི་ཉེ་འཁོར་སྒོ་དྲུང་ཐད་དམ་དབྱེ་ལ་འདོམ་གང་ཚུན་ཆད་དུ་དགེ་ཚུལ་

༼༤༦༡༽

ཉལ་ན་དགེ་སློང་ལ་ཉེས་བྱས་བསྐྱེད་ཅེས་བསྟན་པ་དེ། འགྲེལ་ཆུང་ཉིད་ལས་དོན་དེ་ལྟར་བཤད་དོ། །སྐབས་འདིར་འགྲེལ་ཆུང་ལས་འདོམ་གང་ཚུན་ཆད་དུ་ཞེས་སྨོས་པའི་རྒྱུ་མཚན་ནི། ཉེ་འཁོར་ནི་ཁོར་ཁོར་ཡུག་ཏུ་འདོམ་རེ་རེ་ཡིན་པས། འདོམ་གང་བས་ས་ཐག་རིང་བ་ནི་གནས་དེའི་ཉེ་འཁོར་མ་ཡིན་ཏེ། དེར་དགེ་ཚུལ་ཉལ་ཡང་དགེ་སློང་ལ་ཉེས་པར་མི་འགྱུར་པས་སོ། །འགྲེལ་ཆུང་ལས་ར་མོ་ཆེས་་་་་་འི་གནས་ཀྱི་ཕྱོགས་བཞི་རྩིག་པ། བསྐོར་བའི་ནང་ན་་་་་་དགེ་སློང་། ཉལ་ན་་་་་་ཉེ་འཁོར། འདོམ་གང་ཕན་ཆད་དུ་་་་་་དགེ་ཚུལ། ཉལ་བ་ན་ཉེས་པ་མེད་ཅེས་བཤད་དོ། །གཉིས་པ་གནོད་བྱེད་བརྗོད་པ་ནི་ཁང་པ་གསུམ་བརྒྱུད་འདབ་ཆགས་སུ་འབྲེལ་བ་ནས་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་ཡོད་པའི་གནས་ཁང་གཡས་གཡོན་གཉིས་པོ་རེ་རེ་ན་དགེ་སློང་དང་དགེ་ཚུལ་ཉལ་བ་ཆོས་ཅན། ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་བསྐྱེད་པར་ཁེགས་པར་ཐལ། ནུབ་ལྷག་པར་ཉལ་བའི་ཡུལ་རྟེན་གཉིས་ལ་འདོམ་གང་གིས་བར་དུ་ཆོད་པའི་ཕྱིར་རོ། །འདོད་་་་་་རྟགས་ནི་གནས་ཁང་གཞན་གྱི་བར་དུ་བཅད་པས་གྲུབ་བོ། །ན་ནང་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་ཉིད་ལ་ནི་གཡོགས་པ་ཐམས་ཅད་གཅིག་པ་ཉིད་དོ་ཞེས་པ་དང་། དེའི་ཊཱི་ཀ་ལས་གནས་གཞན་འགའ་ཞིག་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་བྱེད་ན་དངོས་གཞིར་འགྱུར་བའང་ཡོད་དོ་ཞེས་བཤད་དོ།་་་་་གནོད་བྱེད་གཞན་ཡང་། བསྙེན་པར་རྫོགས་པ་དང་མ་རྫོགས་པ་ལ་འདོམ་གང་གིས་བར་དུ་ཆོད་ཀྱང་། ཉེ་འཁོར་དང་བཅས་ནས་གནས་ཁང་ཙམ་གྱི་ས་ཐག་གིས་བར་དུ་མ་ཆོད་པའི་གནས་གཅིག་ཏུ་ཉལ་བ་ཆོས་ཅན། ཐལ་རྟགས་སྔ་མ་བཞིན་ནོ། །འདོད་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་གནས་གཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ་ཞེས་གསུངས་སོ། །དེས་ན་བསྙེན་པར་རྫོགས་པ་དང་མ་རྫོགས་པ་གཉིས་ལ།་་་་་འདོམ་གང་གིས་བར་དུ་ཆོད་ཀྱང་། ཁྲུ་ཕྱེད་དང་དགུས་བར་དུ་མ་ཆོད་ན་ནུབ་ལྷག་པར་ཉལ་བའི་ལྟུང་བ་དངོས་གཞི་བསྐྱེད་དོ་ཞེས་གཟུང་བར་བྱའོ། །བཞི་པ་ཁང་པ་ཁང་ཆེན་གྱི་ཁྱད་པར་གཏན་ལ་དབབ་པ་ལ་གཉིས་ཏེ། དགོས་པའི་དོན་དང་ཁྱད་པར་དངོས་ཀྱི་དོན་ཏོ། །དང་པོ་ཁང་་་་་་ཁང་པ་དང་ཁང་ཆེན་གྱི་ཁྱད་པར་མ་ཤེས་ན་ནི། དེ་གཉིས་ཀྱི་གནང་བ་གང་སྟེར་ཆ་མི་ཕྱེད་ཅིང་། དེ་གཉིས་ཀྱི་ལྟུང་བ་ཕྱིར་བཅོས་གང་བྱེད་ཆ་མི་ཕྱེད་ལ། དེས་ན། པ་ཡིན་ནམ་

༼༤༦༢༽

ཁང་ཆེན་ཡིན་ཤེས་པ་ལ་བརྟེན་ནས། དེ་གཉིས་རང་རང་གི་གནང་བ་བྱིན་པས། གནང་བ་ཆགས་ཤིང་ལྟུང་བ་ཁེགས་པ་དང་། དེ་གཉིས་ཀྱི་ལྟུང་བ་གང་བྱུང་ཤེས་ཤིང་། ལྟུང་བ་རང་རང་གི་ཕྱིར་བཅོས་བྱས་པས། དག་པའི་ཕན་ཡོན་ཐོབ་པའོ། །གཉིས་པ་ཁྱད་པར་དངོས་ཀྱི་དོན་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། པ་རང་།་་་་་ཁ་ཅིག་ན་རེ་ཁང་པ་དང་ཁང་ཆེན་གྱི་ཁྱད་པར་ནི་གཅིག་དོན་དང་བཞིར་ལོངས་པར།་་་་་ཚོགས་དོན་ཡིན་ཏེ། ཁང་པ་ལ།་་་་་གཅིག་གི་དོན་དུའོ། །ཁང་ཆེན་ལ་་་་་་ཚོགས་ཀྱི་དོན་དུའོ་ཞེས་བཤད་པས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། གནོད་བྱེད་གསུམ་ལས་དང་པོ་ནི།་་་་་སངས་རྒྱས་ཞལ་བཞུགས་པའི་ཚེ་ན། བཅོམ་ལྡན་འདས་ཁོ་ན་བཞུགས་པའི་དོན་དུ་བཞུགས་གནས་བརྩིགས་ན་གནས་དེ་ཆོས་ཅན། ཁང་ཆེན་མ་ཡིན་པར་ཐལ། བཞིར་ལོངས་ཚོགས་དོན་དུ་བརྩིགས་པ་མ་ཡིན་པའི་ཕྱིར་རོ། །འདོད་་་་་་ཁྱབ་པ་ཁས་བླངས་སོ། །ན་ལུང་རྣམ་འབྱེད་ལས་ཁང་ཆེན་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བ་ཡིན་གྱི་ཚད་ཀྱིས་ཆེ་བ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་། འོད་ལྡན་ལས་ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ། ཞེས་ཁང་ཆེན་ལ་ལྷ་ཁང་ཞེས་བཤད་ཅིང་སངས་རྒྱས་ནི་རྣམ་པར་དག་པའི་ལྷ་ཡིན་ལ། ལྷ་དེའི་བཞུགས་གནས་ནི་ལྷ་ཁང་ཡིན་པས་ཁང་ཆེན་ཡིན་པར་གྲུབ་བོ། །གནོད་བྱེད་གཉིས་པ།་་་་་སྡིག་བྱེད་ཁྱིམ་པ་བཞིའི་དོན་དུ་དགེ་སློང་གིས་ཁང་པ་བརྩིགས་ན་ཁང་པ་དེ་ཆོས་ཅན། ཁང་ཆེན་ཡིན་པར་ཐལ། བཞིར་ལོངས་ཚོགས་དོན་དུ་བརྩིགས་པའི་གནས་ཡིན་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་སོ། །འདོད་ན་ལུང་རྣམ་འབྱེད་ལས་ཁང་ཆེན་དེ་སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བ་ཡིན་པར་གསུངས་པ་་་་་་སྔར་དྲངས་པ་དེ་དང་འགལ་ལོ། །གནོད་བྱེད་གསུམ་པ།་་་་་གཞན་ཡང་གཉིས་ཁོ་ནའམ་གསུམ་ཁོ་ནའི་དོན་དུ་གནས་བརྩིགས་པ་དེ་ཆོས་ཅན། ཁང་པ་དང་ཁང་ཆེན་གང་ཡང་མ་ཡིན་པར་ཐལ། གཅིག་དོན་དང་། ཚོགས་དོན་གང་ཡང་མེད་པའི་ཕྱིར་རོ། །འདོད་ན་་་་་་ཁང་པ་ཁང་ཆེན་གྱི། ཞུ་བའི་སྐབས་ལས། དུ་མའི་དོན་དུའོ་ཞེས་ཁང་པའམ་ཁང་ཆེན་གྱི་སྦོམ་པོ་བསྐྱེད་པར་གསུངས་སོ། །ཤས་ཆེ་བས་མཚན་ཉིད་དང་། རབ་ཏུ་བྱེ་ཞེས་བཤད་པའི་གནད་ཀྱིས་སྦྱར་བས་གཉིས་ནི་གཅིག་ལ་ཉེ་བས་གཉིས་དོན་དུ་བྱེད་པ་དེ་ཁང་པ་ཡིན་ལ། གསུམ་ནི་བཞི་ལ་ཉེ་བས་གསུམ་དོན་དུ་

༼༤༦༣༽

བྱེད་པ་དེ་ཁང་ཆེན་ཡིན་པས་ཁང་ཆེན་དུ་བྱེད་དམ། ཁང་ཆེན་མིན་བཞིན་དུ་ཁང་ཆེན་དུ་འཇོག་དང་པོ་ལྟར་ན་ཚོགས་དོན་ཡན་ལག་ཏུ་དགོས་པ་ཁང་ཆེན་ཡིན་པ་བུད། གཉིས་པ་ལྟར་ན་ཧ་ཅང་ཐལ་ཆེས་སོ།་་་་་།གཉིས་པ་སྒྲུབ་བྱེད་གཞིག་པ་ནི་གཅིག་གི་དོན་དུའོ་ཚོགས་ཀྱི་དོན་དུའོ་ཞེས་པ་དེ། རང་རང་གི་དངོས་གཞི་བསྐྱེད་པའི་ཡན་ལག་ཡིན་པར་བསྟན་པ་ཡིན་གྱི། རང་གི་ངོ་བོའི་ཁྱད་པར་བསྟན་པ་མ་ཡིན་ཏེ། ཁང་པའི་ལྷག་མ་བསྐྱེད་པ་ལ་བཙལ་བ་དང་ཚད་ལས་ལྷག་པ་གཉིས་ཡན་ལག་ཏུ་དགོས་ཀྱང་། དེ་གཉིས་ནི་ཁང་ཆེན་གྱི་ལྷག་མའི་ཡན་ལག་ཏུ་མི་དགོས་པ་བཞིན་ནོ། །རྒྱུ་ཡན་ལག་གི་ཁྱད་པར་དེ་ཉིད་ཀྱིས་ངོ་བོའི་ཁྱད་པར་དུ་ཡང་འགྱུར་རོ་ཞེ་ན། མ་ཡིན་ཏེ། དཔེར་ན་དངོས་པོ་འདི་བུ་རམ་དང་སྦྲང་རྩི་གང་ཡིན་མ་ཤེས་པ་ན། རྒྱུ་མེ་ཏོག་ཡན་ལག་ཏུ་དགོས་པ་དེ་སྦྲང་རྩི་ཡིན་ལ། རྒྱུ་བུར་ཤིང་ཡན་ལག་ཏུ་དགོས་པ་དེ་བུ་རམ་ཡིན་ཞེས་བརྗོད་པས་ངོ་བོའི་་་་་་རྒྱུ་ཡན་ལག་གི་ཁྱད་པར་བསྟན་ཡང་རང་གི་ངོ་བོ་ཁྱད་པར་མི་བྱེད་པས། ཁྱད་པར་མ་བསྟན་པ་བཞིན་ནོ། །ཡང་ཁ་་་་་་སོག་ཅིག་ན་རེ་དཀོན་མཆོག་གཞན་་་་་་སངས་རྒྱས་དང་ཆོས། གཉིས་ཀྱི་དོན་དུ་བྱེད་པའི་གནས་དེ་ཁང་ཆེན་ཡིན་ལ། གང་ཟག་གི་དོན་དུ་བྱེད་པའི་གནས་དང་དགེ་འདུན་གྱི་དོན་དུ་བྱེད་པ་ཚང་མང་ལྟ་བུ་ནི་ཁང་པ་ཡིན་ཏེ། ལུང་།་་་་་ཞུ་བ་་་་་་མང་ཤོས། ལས་གཙུག་ལག་ཁང་ཆེན་པོ་ལས་གཞན་པ་དགེ་འདུན་གྱི་དངོས་པོ་ཞིག་བརྩིགས་ཏེ། རིམ་པ་གཉིས་སམ་གསུམ་ལས་ལྷག་པ་བརྩིགས་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པས་ཤེས་ཏེ། དགེ་འདུན་གྱི་ཆེད་ཀྱི་གནས་དེ་ལ་ལུང་ལས་གཙུག་ལག་ཁང་ཆེན་པོ་ལས་གཞན་ཞེས་གསུངས་པའི་ཕྱིར་དང་། གནས་དེ་གཙུག་ལག་ཁང་ཡིན་ན་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་བསྐྱེད་དགོས་པ་ལས། ཉེས་བྱས་སུ་གསུངས་པས་དགེ་འདུན་གྱི་ཆེད་ཀྱི་གནས་དེ་ཁང་ཆེན་མ་ཡིན་པར་དེས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། གནོད་བྱེད་བཞི་ལས་དང་པོ།་་་་་ཚང་མང་ལྟ་བུ་དགེ་འདུན་སྤྱིའི་ཆེད་ཀྱི་གནས་དེ་ཁང་ཆེན་མ་ཡིན་ན་ཞུ་འགྲེལ་ལས་དགེ་འདུན་གྱི་དོན་ཉིད་དུ་གཙུག་ལག་ཁང་བྱེད་པ་ལ་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གསུངས་པའི་ཕྱིར་ཞེས་བཤད་པ་དང་འགལ་ལ། ལུང་རྣམ་འབྱེད་ལས་ཁང་ཆེན་དེ་སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བ་ཡིན་པར་་་་་་སྔར་དྲངས། གསུངས་པ་དང་འགལ་ལོ། །གནོད་བྱེད་གཉིས་པ།་་་་་གཞན་ཡང་ཁང་པའི་ཚད་ནི་

༼༤༦༤༽

ནང་ལ་ཁྲུ་བཅོ་བརྒྱད་ལས་ལྷག་པ་མ་གནང་བས་དགེ་འདུན་སྟོང་གི་འདུ་ཁང་ཚང་མང་ཁྲུ་བཅོ་བརྒྱད་ལས་མ་གནང་ན་་་་་་གང་དག་བཞུགས་པ་པོའི་མི་གྲངས་དང་གང་དུ་བཞུགས་པའི་གནས་ཀྱི་ཚད་ཤིན་ཏུ། འགལ་བའི་སྐྱོན་དུ་འགྱུར་རོ། །གནོད་བྱེད་གསུམ་པ།་་་་་དགེ་འདུན་སྤྱིའི་ཆེད་དུ་དགེ་འདུན་གྱིས་ཚང་མང་ལྟ་བུ་བརྩིག་པ་དེ་ཆོས་ཅན། དགེ་འདུན་ལ་འདོད་ཆེས་ཀྱི་དགག་བྱ་ཡོད་པར་ཐལ། དགེ་འདུན་གྱི་ཆེད་དུ་བརྩིག་པ་དེ་ཁང་པ་ཡིན་ཞིང་ཁང་པ་བརྩིག་པའི་དགག་བྱ་འདོད་ཆེས་ཡིན་པའི་ཕྱིར་རོ། །རྟགས་ཟུར་སྔ་མ་ཁས་བླངས་པས་གྲུབ་ཅིང་། རྟགས་ཟུར་ཕྱི་མ་ནི་ས་གཞི་དང་ཡོ་བྱད་བཙལ་བ་ཡན་ལག་ཏུ་དགོས་པར་གསུངས་པས་གྲུབ་བོ། །འདོད་ན་དགེ་འདུན་གྱི་ཆེད་དུ་འབུན་བསྐྱེད་དང་ཉོ་ཚོང་གནང་ཞིང་ལུང་ཕྲན་ཚེགས་ལས་དགེ་འདུན་ལ་ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་་་་་་ལོངས་སྤྱོད་ནི་གྲོང་དང་ཞིང་རྣམས་སོ། །ལོངས་སྤྱོད་ཀྱི་མཆོག་གི་བ་ལང་དང་མ་ཧེ་དང་ར་ལུག་རྣམས་སོ་ཞེས་ལུང་ཕྲན་ཚེགས་ལས་གསུངས་སོ། །རྣམས་གནང་གི་གང་ཟག་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེས་བླ་མ་རྣམས་གསུངས་ངོ་། །གནོད་བྱེད་བཞི་པ།་་་་་དགེ་འདུན་གྱི་ཆེད་དུ་གནས་བརྩིག་པ་དེ་ཆོས་ཅན། དེའི་ཆ་ནས་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིག་པའི་ལྟུང་བྱེད་བསྐྱེད་པ་ཁེགས་པར་ཐལ། གང་བརྩིག་པའི་གནས་དེ་ཁང་ཆེན་མ་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །ཁྱབ་པ་ནི། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ་ཞེས་པས་གྲུབ་བོ། །འདོད་ན་ཞུ་བ་ཉུང་ཤོས་ལས་གཙུག་ལག་ཁང་ཆེན་པོ་ལས། གཞན་པ་དགེ་འདུན་གྱི་དངོས་པོ་ཞིག་བརྩིགས་ཏེ། རིམ་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིགས་ན་ཅིར་འགྱུར། ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་འང་གཙུག་ལག་ཁང་ཆེན་པོ་ལས་གཞན་ཞེས་པ་དེས་དཀོན་མཆོག་གཞན་གཉིས་ཀྱི་ཆེད་དུ་བྱེད་པའི་གཙུག་ལག་ཁང་ཆེན་པོ་ལས་གཞན་ཞེས་བསྟན་པ་ཡིན་གྱི། དགེ་འདུན་གྱི་གཙུག་ལག་ཁང་ཆེན་པོ་ལས་གཞན་ཞེས་བསྟན་པ་ནི་མ་ཡིན་ནོ། །དགེ་འདུན་གྱི་ཆེད་དུ་བརྩིག་པ་ནི་ལུང་ཞུ་བ་མང་ཤོས་ལས་རིམ་པ་ལྷག་པར་བརྩིགས་ན་ཉེས་བྱས་སུ་གསུངས་པ་ནི་་་་་་མཐར་ཐུག་གྲུབ་པ་ན་ལྟུང་བྱེད་བསྐྱེད་ཀྱང་། སྦྱོར་བའི་གནས་སྐབས་ན་ཉེས་བྱས་བསྐྱེད་པ་ལ་དགོངས་སོ་ཞེས་བརྗོད་དོ། །གཉིས་པ་རང་ལུགས་བཞག་པ་ནི། ཆེད་དུ་བྱ་བ་ཁྱིམ་པའམ་རབ་བྱུང་གང་ཟག་གི་དོན་དུ་བྱེད་པའི་གནས་ནི་ཁང་པ་ཡིན་ལ། ཆེད་དུ་བྱ་བ་དཀོན་མཆོག་གསུམ་གང་གི་དོན་དུ་བརྩིག་

༼༤༦༥༽

པར་བྱེད་ནའང་གནས་དེ་ཁང་ཆེན་ཡིན་ཏེ། ལུང་རྣམ་འབྱེད་ལས་ཁང་ཆེན་ནི་སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བ་ཡིན་པར་གསུངས་་་་་་སྔར་དྲངས། པས་གྲུབ་བོ། །ཁྱད་པར་དུ་སངས་རྒྱས་ཀྱི་ཆེད་དུ་བྱེད་པའི་གནས་དེ་ཁང་ཆེན་ཡིན་པར་གང་གིས་གྲུབ་ན། འོད་ལྡན་ལས་ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ་ཞེས་ཁང་ཆེན་ལ་ལྷ་ཁང་ཞེས་བཤད་པས་གྲུབ་སྟེ། སངས་རྒྱས་ནི་རྣམ་པར་དག་པའི་ལྷ་ཡིན་ལ། ལྷ་དེའི་བཞུགས་གནས་ནི་ལྷ་ཁང་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ཆེད་དུ་བྱ་བའི་གནས་དེ་ཁང་ཆེན་ཡིན་པར་གང་གིས་གྲུབ་ན་འདི་ཉིད་ལས་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞེས་གསུངས་པས་གྲུབ་སྟེ། ལུང་གི་ཆོས་དང་གཙུག་ལག་ནི་་་་་་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དགེ་འདུན་གྱི་ཆེད་དུ་བྱས་པའི་གནས་དེ་ཁང་ཆེན་ཡིན་པར་གང་གིས་གྲུབ་ན། རིམ་པ་ལྷག་པར་བརྩིག་པའི་ལྟུང་བྱེད་བསྐྱེད་པ་ལ། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ་ཞེས་གསུངས་ལ། དགེ་འདུན་གྱི་ཆེད་དུ་གནས་བརྩིག་པ་ལ་རིམ་པ་གསུམ་ལས་ལྷག་པའི་ལྟུང་བྱེད་བསྐྱེད་པར་ལུང་ཞུ་བ་ལས་གསུངས་པས་གྲུབ་བོ། །དེ་ལྟར་ན་དྲི་གཙང་ཁང་ལྟ་བུ་ཆེད་དུ་བྱ་བ་སངས་རྒྱས་ཀྱི་ཆེད་དུ་དང་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་བརྩིགས་ན་ཁང་ཆེན་གྱི་སྦོམ་པོར་འགྱུར་གྱི་ཁང་ཆེན་གྱི་ལྷག་མར་མི་འགྱུར་ཏེ། ཚོགས་དོན་གྱི་ཡན་ལག་མ་ཚང་བའི་ཕྱིར་རོ། །གྲོང་གི་ཁང་པ་ལྟ་བུ་ཆེད་དུ་བྱ་བ་ཁྱིམ་པའི་ཆེད་དུ་མངོན་སུམ་གྱི་བདག་པོ་ཁྱིམ་པ་བཞིར་ལོངས་པའི་ཚོགས་ཀྱི་དོན་དུ་དགེ་སློང་གིས་བརྩིགས་ན་ཡང་སྦོམ་པོར་འགྱུར་གྱི་ཁང་བའི་ལྷག་མར་མི་གྱུར་ཏེ། གཅིག་དོན་གྱི་ཡན་ལག་མ་ཚང་བའི་ཕྱིར་རོ།་་་་་།གསུམ་པ་ཞར་ལ་བྱུང་བ་ནི། གནས་གཅིག་ཉིད་ཀྱི་་་་་་སྟེང་ལྟ་བུ། ཆ་གཅིག་ནི་དཀོན་མཆོག་གི་དོན་དུ་བྱེད་ལ། སྨད་ལྟ་བུ།་་་་་ཆ་གཅིག་ནི་དཀོན་མཆོག་ལས་གཞན་པའི་དོན་དུ་བྱེད་ན་ཅིར་འགྱུར་ཞེ་ན། ལྡེ་མིག་འཛིན་པ་པོ་ལྟ་བུ།་་་་་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་བརྩིགས་ན་ཁང་ཆེན་གྱི་སྦོམ་པོར་འགྱུར་ལ། ཁང་པའི་ལྷག་མར་འགྱུར་ཏེ། ཡན་ལག་གཞན་ཚང་ནའོ། །མངོན་གྱུར་གྱི་བདག་པོ་ཚོགས་ཀྱི་དོན་དུ་བརྩིགས་ན་ཁང་པའི་སྦོམ་པོར་འགྱུར་ལ། ཁང་ཆེན་གྱི་ལྷག་མར་འགྱུར་རོ། །གནས་གཅིག་པ་དེ་ཉིད་བརྩིགས་པ་ལ་ཁང་པ་དང་ཁང་ཆེན་གཉིས་ཀའི་དངོས་གཞི་བསྐྱེད་པ་ནི་མ་ཡིན་ཏེ། གནས་གཉིས་པོའི་ཡན་ལག་འགལ་བའི་ཕྱིར་ཏེ། གཅིག་དོན་ཡིན་ན་ནི་ཚོགས་དོན་ཡིན་པ་དང་འགལ་ཞིང་། ཚོགས་

༼༤༦༦༽

དོན་ཡིན་ན་ནི་གཅིག་དོན་ཡིན་པ་དང་འགལ་བའི་ཕྱིར་རོ།་་་་་མངོན་གྱུར་གྱི་བདག་པོ་གཉིས་སམ་གསུམ་གྱི་དོན་དུ་བརྩིགས་ན་ཆེད་དུ་བྱ་བ་དཀོན་མཆོག་གི་ཆེད་དུ་ཡིན་ན་ནི་ཁང་ཆེན་གྱི་སྦོམ་པོར་འགྱུར་ལ། གཞན་དུ་ནི་ཁང་པའི་སྦོམ་པོར་འགྱུར་རོ། །རྩིག་པ་པོའི་ལྟུང་བ་བསྟན་པ་ནི། བསྐོས་པ་ཉིད་དང་ཞེས་པ་ནས་ཏེ། གཞན་དེས་བསྐོས་པ་ཉིད་དང་མ་བསྐོས་པ་ཉིད་དག་ནི་ཡན་ལག་གི་གཙོ་བོ་ཉིད་མ་ཡིན་ཏེ་གཞན་དེས་བསྐོས་རུང་མ་བསྐོས་རུང་གཞན་དོན་དུ་རྩིག་པ་པོའི་དགེ་སློང་ལ་ལྷག་མར་འགྱུར་རོ། །སྐོ་བ་པོའི་ལྟུང་བ་བསྟན་པ་ནི་བསྐོས་པ་ནི་རང་ཉིད་དང་འདྲའོ། །ཐམས་ཅད་དུ་འདྲའམ་ཞེ་ན། ཇི་སྐད་བསྒོ་བ་བཞིན་དུ་མི་བྱེད་པ་ལ་མི་འདྲའོ། །འོན་ཀྱང་དགེ་སློང་གི་ལུས་དང་ངག་གིས་ནོད་ན་ནི་འདྲའོ་ཞེས་སོ། །དེའང་ལུས་ངག་གིས་ནོད་ནས་ཁང་པ་ཁང་ཆེན་གྱི་ཚད་རྫོགས་པར་བརྩིགས་ན་ལྷག་མར་འགྱུར་གྱི། སྔ་རོལ་ཏུ་ཕྱེད་བརྩིགས་ནས་ལུས་ངག་གིས་ནོད་ནས་ཕྱེད་བརྩིགས་པ་ལ་ནི་འཕྲོ་ཟིན་པར་བྱེད་པའི་སྦོམ་པོར་ཟད་དོ། །ཁང་པའི་ཐུན་མོང་མ་ཡིན་པའི་ཡན་ལག་ནི། བཙལ་བ་ལའོ་ཞེས་པ་ནས་བསྟན་ཏོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཁང་པ་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། སྲོག་ཆགས་ལ་གནོད་པ་དང་། རྩོད་པ་རྒྱས་པ་དང་། དོན་དང་བྱ་བ་མང་བའོ།་་་་་ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བ་ཡན་ལག་ཏུ་གསུངས་པ་དང་། སྐྱེ་བ་པོ་ཕྲ་མོའི་གནས་དང་རྩོད་པ་དང་བཅས་པ་དང་རྩམ་དུ་མི་རུང་བ་ཡན་ལག་ཏུ་དགོས་པར་གསུངས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ས་གཞི་དང་ཡོ་བྱད་བཙལ་བས་ས་གཞི་མ་དག་པར་དཀོན་མཆོག་ལས་གཞན་པའི་ཆེད་དུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཁང་པ་ཚད་ལས་ལྷག་པ་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་བརྩིག་པའི་ས་གཞི་དང་། གང་བརྩིག་པའི་དངོས་པོ་དང་། གང་གིས་བརྩིག་པའི་ཡོ་བྱད་དོ། །དང་པོ་ལ་གཉིས་ཏེ། ས་གཞི་བཙལ་བ་ཡིན་པ་དང་། ས་གཞི་མ་དག་པ་གསུམ་ལྡན་ཡིན་པའོ། །དེ་ཡང་སྲོག་ཆགས་ཕྲ་མོའི་གནས་དང་ལྡན་པ་དང་། རྩོད་པ་དང་བཅས་པ་དང་། བརྩམ་དུ་མི་རུང་པའོ། །དང་པོ་ས་གཞི་བཙལ་བ་ནི། བཙལ་བ་ལའོ་ཞེས་སོ། །སེལ་བ་ནི་ས་གཞི་དེ་མ་

༼༤༦༧༽

བཙལ་བར་དང་པོ་ཉིད་ནས་རང་ཉིད་དབང་བའི་ས་གཞིར་བརྩིགས་ན་སྦོམ་པོར་འགྱུར་ཏེ་ས་གཞི་འཚོལ་བ་མ་བསྐོས་པར་རོ་ཞེས་སོ། །ས་གཞི་མ་དག་པ་གསུམ་ལྡན་དེ་ཡང་། སྐྱེ་བ་པོ་ཕྲ་མོའི་གནས་དང་ཞེས་པ་ལ་སོགས་པས་བསྟན་ཏོ། །སེལ་བ་ནི་དེ་དག་རེ་རེ་མ་ཚང་ན་མཐར་ཐུག་ལ་སྦོམ་པོར་འགྱུར་ཏེ། འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ། །གཉིས་པ་གང་བརྩིག་པའི་དངོས་པོ་ལ་བཞི་སྟེ། གནས་ཀྱི་ངོ་བོར་གྲུབ་པ་དང་། སྤྱོད་ལམ་བཞི་ཤོང་བ་དང་། ཚད་ལས་ལྷག་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པའོ། །དེ་ཡང་ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ནོ། །སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཉེས་པ་མེད་དོ། །ཚད་ལས་ལྷག་པའོ། །འཕྲོ་ཟིན་པར་བྱེད་ན་ཡང་ངོ་ཞེས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །སེལ་བ་ནི་གནས་ཀྱི་ངོ་བོར་གྲུབ་པ་མ་ཚང་ན་སྦོམ་པོར་འགྱུར་ཏེ། མ་གཡོགས་པ་བྱེད་དུ་བཅུག་པའི་མཐའ་ཡང་དེ་དང་འདྲའོ་ཞེས་སོ། །ཚད་ལས་ལྷག་པ་མ་ཚང་ན་ཡང་སྦོམ་པོར་འགྱུར་རོ།་་་་་ཚད་ལས་ལྷག་པ་ཞེས་སྨོས་པས་སྤྱོད་ལམ་བཞི་ཤོང་བ་འདུས་སོ་སྙམ་ན། ཚད་ལས་ལྷག་ཀྱང་སྤྱོད་ལམ་བཞི་ཤོང་མིན་པ་སྲིད་དེ་ཐོག་དཔངས་ཤིན་ཏུ་དམས་ཏེ། འགྲེང་མགོ་མ་བཏུད་པ་ཤོང་བ་མ་ཡིན་ནའོ། །གསུམ་པ་གང་གིས་བརྩིག་པའི་ཡོ་བྱད་ནི། ཡོ་བྱད་བཙལ་བ་ཡིན་པ་སྟེ། རྣམ་པ་དེ་ལྟ་བུས་སོ་ཞེས་སོ། །སེལ་བ་ནི་ཡོ་བྱད་མ་བཙལ་བར་གང་ཟག་རང་གི་ཡོ་བྱད་ཀྱིས་བརྩིགས་ན་སྦོམ་པོར་འགྱུར་ཏེ། གང་ཟག་གིས་སོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་རང་གི་གཞིའི་ཡན་ལག་རྣམ་པ་མ་དོར་བར་འཛིན་པའི་ཤེས་པའོ། །ཀུན་སློང་ནི་དཀོན་མཆོག་ལས་གཞན་པའི་ཆེད་དུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཁང་པ་བརྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གང་ལ་བསམས་པ་དེ་ཉིད་ལ་རང་ངམ་བསྐོས་པས་ཁང་པ་བརྩིག་པར་ཞུགས་པའོ། །མཐར་ཐུག་ནི་ཐོག་ཕལ་ཆེར་ཕུབ་ཟིན་པ་སྟེ། མཐར་རོ་ཞེས་པ་དང་། དེའི་དོན་ནི་ཕལ་ཆེར་བྱས་པ་ཉིད་ནི་བྱས་པ་ཉིད་དོ་ཞེས་པ་དེ་འདིར་ཡང་སྦྱར་རོ། །ཡན་ལག་གི་དོན་ནི། ས་གཞི་བཙལ་བ་ལའོ་ཞེས་པ་ནི། བཙལ་བའི་ཡུལ་ཐ་སྙད་ལྔ་དང་ལྡན་ཞིང་རང་ལས་ནོར་གྱི་སྒོ་ནས་ཐ་དད་པ་ལ། སྦྱོར་བ་ངག་གི་རིག་བྱེད་ཀྱིས་བཙལ་བ་སྟེ། སྤྱིར་བསྟན་དང་

༼༤༦༨༽

སྦྱར་རོ།་་་་་བཙལ་བ་ལའོ་ཞེས་པ་ནི་ལུང་རྣམ་འབྱེད་ལས། བདག་གིས་བླངས་པ་ཞེས་བྱ་བ་ནི་འདུན་པ་ལས་བྱུང་བའི་སློང་མོས་བསླངས་པའོ་ཞེས་གསུངས་སོ། །དེའི་་་་་་བླ་མ་རྣམས་ནི་ས་གཞིའི་བདག་པོ་དེས་རྗེས་སུ་གནང་བའོ་ཞེས་གསུང་ཡང་དེ་ལ་སྒྲུབ་བྱེད་ཀྱི་གཞུང་མེད་དོ། །རྗེས་སུ་གནང་བ་ལའོ་ཞེས་པ་ནི། དགེ་སློང་གིས་གཞན་བསྐོས་ཏེ་ཁང་པ་བརྩིག་ན་ནི། ཁྱོད་ཀྱིས་ས་གཞི་ཚོལ་ཅིག་ཅེས་དགེ་སློང་ལྟུང་བ་འབྱིན་པ་པོ་དེས་རྗེས་སུ་་་་་་ས་གཞི་བཙལ་བར། སུ་གནང་བ་ལ་བརྩིགས་ན་ཁང་པའི་ལྷག་མ་བསྐྱེད་པའོ་ཞེས་བསྟན་ཏེ། ཊཱི་ཀ་ལས། ལྟུང་བ་འབྱིན་པ་པོས་རྗེས་སུ་གནང་བའི་སློང་བ་པོའི་བཙལ་བ་ཡིན་པས། དེའི་ཕྱིར་ཇི་ལྟར་ས་གཞི་བཙལ་བ་བཞིན་ཞེས་མདོ་འོག་མའི་རྣམ་པ་དེ་ལྟ་བུའི་ཞེས་་་་་་སྐབས་ནས་བཤད་དོ།་་་་་དེའི་རྗེས་སུ་གནང་བ་ལའོ་ཞེས་པ་འདི་འགྲེལ་ཆུང་ལས་དེས་བསྒོ་ནའོ་ཞེས་གཞན་སློང་དུ་བཅུག་ཀྱང་རུང་ཞེས་བཤད་པས་ཀྱང་། དགེ་སློང་ལྟུང་བ་འབྱིན་པ་པོ་དེས་རྗེས་སུ་གནང་བ་ལའོ་ཞེས་སོ། །སྐྱེ་བ་པོ་ཕྲ་མོ་དེ་ཡང་གནས་དེ་ཉིད་དུ་སྐྱེས་པ་གྲངས་གཅིག་ཡན་ཆད་ཀྱི་གནས་དང་ལྡན་པའོ། །སྐྱེ་བ་པོ་རགས་པ་དང་ཕྲ་བའི་ཚད་ནི་བོང་ཆེ་བ་དང་། ཆུང་བ་ལ་ལྟོས་པ་མ་ཡིན་གྱི་ལུང་དང་ཊཱི་ཀ་ལས་སྦྲུལ་དང་སྡིག་པའི་གནས་པ་ཞེས་གསུངས་ལ་སྦྲུལ་ལ་ལུས་ཆེན་པོ་ཡང་ཡོད་པར་གསུངས་པའི་ཕྱིར་རོ་དེས་ན་ལུས་བོང་ཆེ་ཆུང་གང་ཡང་རུང་སྟེ་འབྲོས་པ་ཤིན་ཏུ་བྲལ་ཆུངས་པ་མཁར་ལན་གྱི་ཞར་ལ་འཆི་བར་གྱུར་པ་ནི་ཕྲ་བ་ཡིན་ལ་ལྡོག་པ་ནི་རགས་པའོ། །སྲོག་ཆགས་དེའི་གྲངས་ཀྱང་གཅིག་ཡན་ཆད་ཀྱིས་ཏེ། སྲོག་ཆགས་དང་ལྡན་བཞེས་སྤྱི་ཙམ་དུ་བརྗོད་པའོ། །དེ་ཡང་སྲོག་ཆགས་གློ་བུར་བས་ནི་དེར་མི་འགྱུར་ཏེ། གནས་དང་ལྡན་པ་ཉིད་དང་ཞེས་གསུངས་པས་ཤེས་སོ་ཞེས་བླ་མ་རྣམས་གསུང་ངོ་། །རྒྱལ་པོ་དང་ལྷའི་གནས་དང་ཤིང་ལྗོན་པ་དང་གསུམ་ནི་མཚོན་པ་སྟེ། རྩོད་པ་དང་བཅས་པ་ཐམས་ཅད་དོ། །ཆུ་ཀླུང་། ངམ་གྲོག ཁྲོན་པ་དང་གསུམ་ག་ཚོགས་པ་ཡན་ལག་ཏུ་མི་དགོས་ཏེ། ཊཱི་ཀ་ལས་དེ་དག་ལས་གཅིག་དང་འདོམ་ན་ཡང་གནས་ཚེ་ཐུང་བར་འགྱུར་བས་བརྩམ་དུ་མི་རུང་ཞེས་སོ།་་་་་ཆུ་ཀླུང་དང་ངམ་གྲོག་ལ་སོགས་པ། དེ་དག་གི་ཕྱོགས་བཞིའི་མཐའ་འཁོར་བ་ནི་མི་དགོས་ཏེ། ཊཱི་ཀ་ལས་ཕྱོགས་ཐམས་ཅད་དུ་ཁོར་ཁོར་ཡུག་ཀུན་ཏུ་ཆུ་ཀླུང་ལ་སོགས་པ་ཐམས་ཅད་དང་འདོམ་པ་ལ་ནི་མི་བསྙེགས་སོ་ཞེས་སོ། །འོ་ན་ས་གཞི་བཙལ་བ་དང་གཞི་མ་དག་པ་གསུམ་སྟེ་ས་གཞིའི་སྐྱོན་བཞི་པོ་ལ་ཡན་ལག་གཙོ་མི་གཙོ་ཡོད་དམ་མེད་ཅེ་ན་འཕགས་པ་བེ་ཤ་ཀ་ནི་ས་གཞིའི་སྐྱོན་བཞི་པོ་ལ་གཙོ་

༼༤༦༩༽

ཆེ་ཆུང་མེད་དེ། བཞི་པོ་གང་མ་ཚང་ཡང་མཐར་ཐུག་ལ་སྦོམ་པོར་བཞེད་དོ། །སློབ་དཔོན་དྷརྨ་མི་ཏྲ་ནི་བཙལ་བ་གཙོ་སྟེ། ས་གཞིའི་སྐྱོན་བཞིའི་ས་གཞི་བཙལ་བ་ཡོད་ན་གཞན་་་་་་སྲོག་ཆགས་ཡོད་པ་དང་། རྩོད་པ་དང་བཅས་པ་དང་། བརྩམ་དུ་མི་རུང་བ། གསུམ་པོ་མ་ཚང་ཡང་སྦྱོར་བ་ལ་ཉེས་བྱས་དང་མཐར་ཐུག་ལ་སྦོམ་པོར་འགྱུར་རོ། །བཙལ་བ་མེད་ན་གཞན་གསུམ་པོ་ཡོད་ཀྱང་སྦྱོར་བ་དང་མཐར་ཐུག་གཉིས་ཀ་ལ་ཉེས་བྱས་སུ་འགྱུར་རོ། །བཙལ་བ་གཙོ་བོ་ཡིན་པར་ཅིས་ཤེས་ན་ལུང་རྣམ་འབྱེད་ལས། དགེ་སློང་གིས་ཁང་པ་བྱེད་དུ་འཇུག་ཅིང་མི་རུང་བ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །རྩོད་པ་དང་བཅས་པ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །བརྩམ་དུ་མི་རུང་བར་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །མ་བསྟན་པར་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །ཚད་ལས་འདས་པ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །ཐམས་ཅད་ལས་འདས་པ་བྱེད་དུ་འཇུག་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཏེ། བཙལ་བ་ནི་ལུང་གི་སྐབས་དེར་དངོས་སུ་མ་གསུངས་པས་ཡན་ལག་ཐམས་ཅད་ཀྱི་ཁོངས་ན་ཡོད་པར་གསལ་ཏེ། བཙལ་བ་དེས་ཡན་ལག་གཞན་རྣམས་ཀྱི་གཞི་བྱེད་པས་གཙོ་བོ་ཡིན་ནོ་ཞེས་བཞེད་དོ། །དེ་ལྟར་པཎྜི་ཏའི་བཞེད་ལུགས་དེ་གཉིས་ལས། ཁ་ཅིག་ན་རེ་པཎྜི་ཏ་གཞན་གྱི་འདོད་པ་དེ་འཐད་ཀྱི། རྒྱ་ཆེར་འགྲེལ་པའི་བཤད་ལུགས་དེ་མི་འཐད་དེ། བཙལ་བ་གཙོ་བོ་ཡིན་ན། བཙལ་བའི་དགག་བྱ་འདོད་པ་ཆེས་པ་ཡིན་པས་འདོད་པ་ཆེས་པ་དགག་བྱའི་གཙོ་བོ་ཡིན་དགོས་ལ་དེ་ལྟར་ན་དགེ་སློང་གིས་གཞན་དོན་དུ་ཁང་པ་བརྩིགས་པ་ཆོས་ཅན། ཁང་པའི་ལྷག་མ་མི་བསྐྱེད་པར་ཐལ། འདོད་ཆེས་ཀྱི་དགག་བྱ་མེད་པའི་ཕྱིར་རོ། །འདོད་ན་བསྐོས་པ་ཉིད་དང་མ་བསྐོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེས་འཆད་དོ། །དེ་ལ་ཁ་་་་་་ཤ་མི། ཅིག་ན་རེ་རྒྱ་ཆེ་འགྲེལ་པའི་ལུགས་དེ་འཐད་དེ། ཁྱེད་ཀྱི་ཐལ་འགྱུར་དེ་ལ་མགོ་མཚུངས་ཀྱི་ཐལ་འགྱུར་འདི་སྐད་དུ་ཁང་པའི་ལྷག་མ་བསྐྱེད་པ་ལ་བཙལ་དུ་མི་རུང་བ་ཡན་ལག་ཏུ་དགོས་པའི་གནད་ཀྱིས། དོན་དང་བྱ་བ་མང་བ་དགག་བྱ་ཡིན་པས། དགེ་སློང་གིས་གཞན་ལ་བསྐོས་ཏེ་ཁང་པ་བརྩིགས་པ་ཆོས་ཅན། ཁང་

༼༤༧༠༽

པའི་ལྷག་མ་མི་བསྐྱེད་པར་ཐལ། དོན་དང་བྱ་བ་མང་བའི་དགག་བྱ་མེད་པའི་ཕྱིར་རོ། །འདོད་ན་བསྐོས་པ་ནི་རང་ཉིད་དང་འདྲའོ་ཞེས་གསུངས་པ་དང་འགལ་ལོ་ཞེས་ཟེར་རོ། །འོན་ཀྱང་ཐལ་འགྱུར་ཕན་ཚུན་དེ་གཉིས་ཀའི་རྟགས་ལ་ཁྱབ་པ་མེད་དོ། །དེའང་བྱ་བ་དེ་འབྲེལ་གྱི་དགག་བྱ་མེད་པ་ལ་ལྟུང་བ་དངོས་གཞི་མི་བསྐྱེད་པས་མ་ཁྱབ་སྟེ། སྐྱོ་ནས་སྨྲས་པ་ལ་མི་དགའ་བའི་བསམ་པ་མ་སྐྱེས་ཀྱང་ལྟུང་བྱེད་བསྐྱེད་པའམ། སྲོག་ཆགས་མེད་པའི་ས་བརྐུས་ན་སྲོག་ཆགས་ལ་གནོད་པའི་དགག་བྱ་མེད་ཀྱང་ས་རྐོ་བའི་ལྟུང་བྱེད་བསྐྱེད་པ་བཞིན་ནོ། །འོ་ན་གང་ཞེ་ན། རྒྱ་དང་ཚ་རོང་བ་དང་ཁོ་བོ་ནི།་་་་་འདིར་པཎྜི་ཏ་གཞན་གྱི་འདོད་པ་ས་གཞི་མ་དག་པའི་ཆོས་གསུམ་རེ་རེ་ལས་ཀྱང་མཐར་སྦོམ་པོར་འགྱུར་བ་དེ་འཐད་པར་སེམས་ཏེ།་་་་་སྔར་ཁུངས་སུ་དྲངས་པའི། ལུང་རྣམ་འབྱེད་ལས་སྦོམ་པོར་གསུངས་པ་དང་མཐུན་ལ། བཙལ་བ་དངོས་སུ་མ་གསུངས་ཀྱང་། དངོས་སུ་མ་གསུངས་པ་ཙམ་གྱིས་ཡན་ལག་གི་གཙོ་བོ་མ་ཡིན་པའི་ངེས་པ་མེད་དེ། བསྙེན་བཀུར་བསྔགས་པ་ལ་ཡུལ་བུད་མེད་རྫུ་འཕྲུལ་ཅན་མ་ཡིན་པ་དངོས་སུ་མ་གསུངས་ཀྱང་ཡན་ལག་གི་གཙོ་བོ་ཡིན་པ་བཞིན་ནོ། །ཚད་ལས་ལྷག་པ་དང་ས་གཞི་བཙལ་བ་ལ་སོགས་པ་ལ་ཡང་གཙོ་མི་གཙོ་མེད་དེ། ཊཱི་ཀ་ལས་བཙལ་བ་ལ་སོགས་པ་གཞིའི་ཡན་ལག་གཞན་རྣམས་མ་ཚང་ཡང་ཚད་ལས་ལྷག་པར་བྱེད་ན་མཐར་ནི་སྦོམ་པོར་འགྱུར་བ་བཤད་དོ། །ཊཱི་ཀ་ལས་རྡུལ་ཕྲ་རབ་ནས་བརྩིས་པའི་ཚད་དང་ལྡན་པའི་ཁྲུ་ཞེས་སོ། །འགྲེལ་ཆུང་ལས་མི་འབྲིང་པོའི་ལུས་ཚད་དང་ལྡན་པའི་ཁྲུ་ཞེས་ཏེ་ཚེ་ལོ་བརྒྱ་པའི་ཚེ་ན་དེ་གཉིས་གཞི་མཐུན་ཡིན་ནོ། །བསླབ་པར་བྱ་བ་ནི་མ་དག་པ་གསོལ་བར་མི་བྱ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི།་་་་་ས་གཞི་དག་པ་སྟེ་གནང་བ་ཆགས་པའི་གཞི་ཡིན་ན་ནི་གནང་བ་མ་བྱིན་པར་བརྩིགས་ཀྱང་དགེ་འདུན་ལྷག་མ་མི་འབྱུང་བས། གནང་བ་བྱིན་པའི་དགོས་པ་དེ་དགེ་འདུན་ལྷག་མ་འགོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་གནང་བ་ཆགས་པའི་གཞི་ཡིན་ཡང་གནང་བ་མ་བྱིན་པར་བརྩིགས་ན་དགེ་སློང་ལ་སྦོམ་པོ་འབྱུང་བ་ལས། གནང་བ་བྱིན་པས་སྦོམ་པོ་ཁེགས་པ་དང་། ལས་ཀྱི་ཆོ་གས་བྱིན་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་གནང་བ་སྦྱིན་པ་ནི་ཆོས་བཅུ་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་ཞེས་པ་ལ་

༼༤༧༡༽

སོགས་པ་བརྒྱད་ཐུན་མོང་བ་སྟེ་ལས་ཀྱི་གཞིར་འཆད་ཅིང་ས་གཞི་དག་པ་དང་ལྡན་པ་སྟེ། མ་དག་པ་གསོལ་བར་མི་བྱ་ཞེས་པ་དང་། གཞན་དུ་ཆོས་་་་་་ས་གཞི་སྲོག་ཆགས་ཅན་རྩོད་པ་ཅན་ཡིན་ན། མ་ཡིན་པར་འགྱུར་བའི་ཕྱིར་རོ། །སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་་་་་་འཁོར་དང་འཁོར་མང་ཉེ་བར་འཇོག་པ་ལ་གསུངས། པའི་གནད་ཀྱིས་དང་གཞན་དུ་ན་གནང་བའི་ཆོ་ག་རྫས་གཞན་གྱི་སྟེང་དུ་དེ་དང་རིགས་འདྲ་གནང་བའི་རྫས་གཞན་མི་ཆགས་པའི་་་་་་དགེ་སློང་མའི་ཆོས་གོས་བྱིན་གྱིས་བརླབས་པ་སྔ་མའི་སྟེང་དུ་ཕྱི་མ་ཆགས་སོ་མཚམས་པོ་ཆེའི་ཆོ་ག་བྱས་པའི་སྟེང་དུ་མི་འབྲལ་བའི་ཆོ་ག་ཆགས་སོ། །ཕྱིར་རོ། དགེ་ཚུལ་གྱིས་ཁང་བ་བརྩིག་པ་ནའང་གནང་བ་སྦྱིན་དགོས་ཏེ། བསྡམ་བྱའི་ཉེས་བྱས་འབྱུང་བ་དེ་དགག་དགོས་པའི་ཕྱིར་རོ།་་་་་དགེ་ཚུལ་གྱིས་ལས་ཀྱི་ཆོ་ག་དེ་ཐོས་སུ་མི་རུང་བས། ཆོ་ག་རྗེས་སུ་བསྒྲགས་པའི་ཚུལ་གྱིས་སོ། །གཉིས་པ་རྟེན་གང་གིས་གནང་བ་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་ཏེ། བཞི་ལྡན་་་་་་ལས་ཀྱི་གནས་པ་སྦྱིན་པའི་སྐབས་སུ། སྔར་བཤད་ཟིན་ཏོ། །གསུམ་པ་གཞི་གང་ལ་གནང་བ་སྦྱིན་པ་ནི། ས་གཞི་དག་པ་ལ་སྟེ། མ་དག་པ་གསོལ་བར་མི་བྱ་ཞེས་སོ། །བཞི་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བའི་ཆོ་ག་གཉིས་ལས། གང་ཟག་གིས་བྱ་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབས་པ་དང་། ཕྱག་འཚལ་ཞིང་སྤྱོད་ལམ་བསྟུན་པ་དང་། གསོལ་བ་ལན་གསུམ་གདབ་པའོ། །དགེ་འདུན་གྱི་བྱ་བ་ནི་དགེ་འདུན་རང་གིས་ས་གཞི་བརྟག་པའམ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་གིས་ས་གཞི་བརྟགས་ཏེ། དགེ་འདུན་ལ་བརྗོད་པའོ། །དངོས་གཞིའི་ཆོ་ག་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ལྔ་པ་གནང་བ་འཇིག་པའི་རྒྱུ་ནི། གཞི་མ་དག་པར་འཕོས་པའམ།་་་་་ན་འཇིག་སྟེ་གནང་བ་ཆགས་པའི་གཞི་ཉིད་མ་ཡིན་པར་གྱུར་པའི་ཕྱིར་རོ། །དགེ་སློང་ནི་ཁྱིམ་པར་བབས་པའམ་ཤི་བའམ་མཚན་གཉིས་ཅིག་ཅར་དུ་བྱུང་ངམ་མཚན་ལན་གསུམ་དུ་གྱུར་ན་འཇིག་སྟེ། རྟེན་ཞིང་མ་ཡིན་པར་གྱུར་པའི་ཕྱིར་རོ། །རྟེན་མཚན་གྱུར་ན་ཡང་འཇིག་སྟེ་འདི་ལ་

༼༤༧༢༽

ཆོ་ག་རྣམས་གྱུར་ཏོ་ཞེས་གསུངས་སོ། །རྟེན་བབས་པའམ་ཤི་བ་ལ་སོགས་པ་སྟེ་ཞིང་མ་ཡིན་པར་གྱུར་པའོ། །གོ་སླ་བར་བྱ་བའི་ཕྱིར་འཇིག་རྒྱུ་ཞེས་བརྗོད་ཀྱང་ཞིག་པ་དངོས་ཉིད་ཡིན་ཏེ། འཇིག་རྒྱུ་ཞེས་བརྗོད་པ་ཐམས་ཅད་དུ་དེ་བཞིན་ནོ། །ཡན་ལག་གི་དོན་ལ་སྟན་ལ་ཡང་དེ་བཞིན་ནོ། །ཞེས་པ་ནི། འདྲ་་་་་་ཡང་ན་དགེ་སློང་བསྐོས་པ་དག་གོ་ཞེས་འདྲ་ཆོས་གཉིས་ཏེ། ཁང་པ་ཁང་ཆེན་གྱི་གནང་བ་དང་། ལོ་དྲུག་སྟན་གྱི་གནང་བ་ན་ཡང་རང་དག་རྟོག་ཏུ་འདོད་པར་བྱའོ། །ཆོས་གཉིས་ཀྱི་འདྲ་བར་སྐབས་འདི་ཉིད་ཀྱི་རང་གི་རྣམ་བཤད་དང་ཊཱི་ཀས་བཤད་ཅིང་། ལོ་དྲུག་སྟན་གྱི་གནང་བ་གསོལ་ན་ཡང་མ་དག་པ་གསོལ་བར་མི་བྱའོ། །རང་དག་རྟོག་དུ་འདོད་པར་བྱའོ། །ཡང་ན་དགེ་སློང་བསྐོས་པ་ཞེས་འདྲ་ཆོས་གསུམ་སྟེ། ཁང་པ་ཁང་ཆེན་གྱི་གནང་བ་དང་།་་་་་འདྲ་ཆོས་གསུམ་གྱི་འདྲ་བར་ལོ་དྲུག་སྟན་གྱི་སྐབས་ཀྱི་རང་གི་རྣམ་བཤད་དང་ཊཱི་ཀས་བཤད་དེ། ཕྱི་མ་དེ་ཁྱབ་ཆེ་བས་ལེགས་སོ། །རྣམ་འབྱེད་འགྲེལ་ལས་བྱས་པ་རྙེད་པ་ནི་གཞན་གྱིས་བྱས་ཟིན་པ་བདག་གིས་བརྟེན་པ་ཐོབ་པའོ། །བྱས་པ་ལོངས་སྤྱོད་པ་ནི་གཞན་གྱིས་བྱས་པ་ལ་རེ་ཞིག་ལོངས་སྤྱོད་པའོ་ཞེས་སོ། །ད་ནི་ཁང་ཆེན་གྱི་དགེ་འདུན་ལྷག་མ་འཆད་དེ། ཚོགས་ཀྱི་དོན་དུའོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཡུལ་ཀོ་ཤམ་བྷིར་འདུན་པ་ལ་སོགས་པ་དྲུག་སྡེས་གཙུག་ལག་ཁང་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང་། རྩོད་པ་རྒྱས་པ་དང་། དོན་དང་བྱ་བ་མང་པའོ།་་་་་སྐྱེ་བ་ཕྲ་མོའི་གནས་དང་རྩོད་པ་དང་བཅས་པ་ཉིད། རྩམ་དུ་མི་རུང་བ་ཡན་ལག་ཏུ་དགོས་པར་གསུངས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །འདོད་པ་ཆེས་པ་ནི་འདིའི་དགག་བྱ་མིན་ཏེ། བཙལ་བ་དང་རང་དོན་ཡན་ལག་ཏུ་མི་དགོས་པའི་ཕྱིར་རོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ས་གཞི་མ་དག་པར་དཀོན་མཆོག་གསུམ་གང་ཡང་རུང་བའི་ཆེད་དུ་མངོན་གྱུར་གྱི་བདག་པོ་ཚོགས་ཀྱི་དོན་དུ། གནས་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དུ་བརྩིག་པའི་ས་གཞི་དང་། གང་བརྩིག་པའི་དངོས་པོའོ། །དང་པོ་ས་གཞི་་་་་་བཙལ་བ་ནི་འདིར་ཡན་ལག་ཏུ་མི་དགོས་ལ། མ་དག་པ་གསུམ་ལྡན་སྔར་་་་་་ཁང་པའི་སྐབས། དང་འདྲའོ། །གཉིས་པ་ནི་་་་་་ཚད་ལས་ལྷག་པ་ནི་འདིར་ཡན་ལག་ཏུ་མི་དགོས་ལ། གནས་ཀྱི་ངོ་བོར་གྲུབ་པ་དང་། སྤྱོད་ལམ་བཞི་ཤོང་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号