ཡང་སྨྲ་སྒོར།ལས་ནི་རྒྱུ་དང་འབྱུང་ཁུངས་དང༌། ། དགར་བ་ཡིན་ཏེ་ནས་དེ་བཞིན། ། ཞེས་བཤད་པ་ཡང༌། རྒྱུའི་འཇུག་པ་འབྱུང་ཁུངས་ཀྱི་དོན་ལས་ལོགས་སུ་བྱེད་ན་མི་འཐད་ལ། སྤྱིར་འབྱུང་ཁུངས་ཙམ་དང༌། དེའི་ཁྱད་པར་རྒྱུའི་དོན་ལ་འཇུག་པ་གཉིས་ཀྱི་དབྱེ་བར་བྱེད་ན་རིག་པའི་སྒོ་འཕེལ་བའི་ཐབས་སུ་འགྲོ་ཞིང་དོན་ལའང་གནས་པས་འཐད་དོ། །ཞེས་གསུངས་པ་ལྟར་རོ།།
བདུན། བོད་པའི་རྣམ་དབྱེ་འཆད་པ།
གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །
ཞེས་གསུངས་ཏེ། གང་ཟག་གང་ཡང་རུང་བའི་མིང་བརྗོད་པའི་དང་པོའམ་ཐོག་མར་ཀྱེ་ཞེས་སྦྱར་བ། དཔེར་ན། ཀྱེ་རྒྱལ་བའི་སྲས། ཀྱེ་གྲོགས་པོ། ཀྱེ་ལྷའི་དབང་བོ་ལྟ་བུའི་ཀྱེའི་སྒྲ་ནི་རྣམ་དབྱེ་བརྒྱད་པ་བོད་པ་ཡིན་ནོ །དེས་ན་རྣམ་དབྱེ་འཕྲོས་དང་བཅས་པ་བཤད་ཟིན་ཏོ། །
དཔྱད་གཞི།
བོད་པ་རྣམ་དབྱེར་འཇོག་པ་ནི་དབྱངས་ཅན་སྒྲ་མདོར།ཀུན་ཏུ་བོད་པའི་རྣམ་དབྱེ་བྱིན་པའི་དོན་དུ་ཧེ་སྔོན་དུ་བཞག ཅེས་གསུངས་པ་ལྟར་གང་ཟག་གང་ཡང་རུང་བའི་དོན་སྟོན་པའི་མིང་གི་ཐོག་མར་འབོད་པའི་རྐྱེན་བྱིན་པས་བོད་པའི་དོན་གསལ་བྱེད་ཙམ་དུ་འགྱུར་བ་མ་གཏོགས་རྣམ་དབྱེའི་མིང་གིས་མི་འདོགས་སོ། །བོད་དུ་ཡང་གང་ཟག་གི་མིང་བརྗོད་པའི་ཐོག་མར་ཀྱེ་སོགས་འབོད་སྒྲ་སྦྱར་བས་རྣམ་དབྱེ་དང་པོ་མིང་ལས་འདས་ཏེ་རྣམ་དབྱེ་བརྒྱད་པ་བོད་པའི་དོན་གསལ་བར་བྱེད་དོ། ། ཀུན་བཟང་དགོངས་རྒྱན་དུ།འདིར་དངོས་སུ་མ་བཤད་ཀྱང་ཀྭ་ཡེ་གྲོགས་པོ་དག་སོགས་ད་ལྟ་བོད་དུ་གྲོང་པ་དག་མི་གཞན་ལ་སྐད་གཏོང་བའི་ཐོག་མར་ཝ་ཡེ་ཞེས་ཕལ་ཆེར་སྦྱར་ནས་འབོད་པ་མཚོན་པ་ལྟ་བུའོ། ། ཞེས་གསུངས་སོ། །
དྲི་ཚིག
༡ འབྱུང་གཞི་དང་འབྱུང་ཆོས་ཀྱི་ཁྱད་པར་ཤོད།
༢ འབྱུང་ཁུངས་དངོས་དང་འབྱུང་ཁུངས་དང་ཆ་འདྲ་བ་གཉིས་ཀྱི་ཁྱད་པར་ཅི།
༣ འབྱུང་ཁུངས་ཀྱི་མཚན་ཉིད་ཤོད།
༤ ལས་སྒྲ་སྡུད་པར་འཇུག་པའི་དཔེར་བརྗོད་གང་ཡིན།
༥ འབོད་སྒྲ་རྣམ་དབྱེ་ཡིན་མིན་ཤོད།
༦ ཀྭ་ཡེ་ཇི་ལྟར་བོད་སྒྲར་གྱུར།
༧ ཀྱེ་སྒྲ་ཡོད་ཚད་འབོད་སྒྲ་ཨེ་ཡིན།
༨ བོད་ལ་རྣམ་དབྱེ་བརྒྱད་ཡོད་པ་སུམ་རྟགས་རྩ་ཚིག་གང་གིས་བསྟན་པ་ཡིན།
༩ རྣམ་དབྱེ་བརྒྱད་པས་གང་རྣམ་པར་དབྱེ།
༡༠ རྣམ་དབྱེ་བརྒྱད་པའི་མཚན་ཉིད་ཤོད།
གཉིས་པ། ཚིག་ཕྲད་རྐྱང་བ་བཤད་པ།
གཅིག དགར་བརྣན་གྱི་སྒྲ་བཤད་པ།
གང་མིང་མཐའ་དང་མཐུན་པ་ཡི། །བཞི་བ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། །
ཞེས་གསུངས་ཏེ། མིང་གང་ཡང་རུང་བའི་མཐའ་ན། མཐའ་དེ་དང་མཐུན་པ་སྟེ། མཐའ་དེར་འོས་ཤིང་སྐབས་སུ་བབས་པ་ཡི། རྗེས་འཇུག་གི་བཞི་བ་ན་ཡིག་ལ་ཨི་སྦྱར་བས་ནི་ཞེས་གྲུབ་པ་དེ་ནི།ལོགས་སུ་དགར་བ་དང་། ནན་ཏན་དུ་བརྣན་པའམ་ངེས་པར་བཟུང་བའི་ཚིག་ཕྲད་དུ་འགྱུར་རོ། །
དཔྱད་གཞི།
ལྷ་ནི་མི་ལས་མཛེས་ཞེས་པའི་ནི་སྒྲ་དང་ལས་སྒྲ་གཉིས་ཀ་དགར་བའི་དོན་ལ་འཇུག་པ་ཡིན་ནོ། །མེར་གན་མཁས་པོས་དེ་དག་ལ་ལས་སྒྲ་མ་སྦྱར་ན་འབྲེལ་མེད་ཅིང༌། ནི་བསུབས་ཚེ་བརྗོད་བདེ་བའི་ཕྱིར་སོ།།ཞེས་བཤད་ན་བདེན་པ་འདྲ་ཡང༌། སྔོན་གྱི་ཡིག་རྙིང་རྣམས་སུ་ནི་ཅེ་ཚོགས་བརྒྱབ་ཡོད་པར་རྒྱུ་མཚན་མེད་པ་མིན་ཏེ། བོད་ཡིག་གསར་བཟོ་མཛད་དུས་དཔེ་དེའི་སྐོར་ལ་ནི་སྒྲ་ངེས་པར་ཡོད་པ་ཤེས་དགོས།ད་ལྟ་ནི་སྒྲ་བསྡུ་རུང་ཡང་ནི་དང་ལས་གཉིས་ཀྱིས་དགར་བ་ཡིན་ཞེས་གསུངས་སོ།།
ཀུན་བཟང་དགོངས་རྒྱན་དུ།དེ་ལ་དགར་བ་ནི། དགར་བའི་གཞི་དངོས་སུ་སྨོས་སམ་མ་སྨོས་པ་ཇི་ལྟར་ཡང་། དགར་གཞིའི་རིགས་མཐུན་པ་དང༌། མི་མཐུན་པ་གང་ཡང་རུང་བའི་ནང་ནས།དམིགས་ཀྱིས་བཀར་བ་སྟེ། དཔེར་ན། ལྷའི་ནང་ནས་བརྒྱ་བྱིན་ནི་མིག་སྟོང་དང་ལྡན་ནོ།།ལྟ་བུ་དགར་གཞི་དངོས་སྨོས་ཤིང་། རིགས་མཐུན་པའི་ནང་ནས་དགར་བའོ། །མིག་སྟོང་དང་ལྡན་པ་འདི་ནི་བརྒྱ་བྱིན་ནོ།།ལྟ་བུ་དགར་གཞི་དངོས་སུ་མ་སྨོས་ཀྱང་ཁྱད་ཆོས་ཀྱི་སྒོ་ནས་གཞན་ལས་དམིགས་ཀྱིས་འབྱེད་པའོ།།རིགས་མི་མཐུན་པ་ལས་དགར་བ་ནི། ཉན་ཐོས་ལས་ནི་སངས་རྒྱས་མཆོག་ཏུ་འཕགས།གསེར་གྱི་བུམ་པ་ནི་ཟངས་ཀྱི་བུམ་པ་ལས་རྒྱུ་བཟང༌། ལྷ་ནི་མི་ལས་མཛེས་ལྟ་བུའོ། །བརྣན་པ་ནི།གཞན་གྱི་ཟླ་བོ་ལ་ལྟོས་པ་མ་ཡིན་པར་ངོ་བོ་དང༌ཁྱད་པར་བྱ་བྱེད་སོགས་རང་ས་རང་སར་ལྷག་པར་ངེས་པའམ། ནན་ཏན་ཏུ་ངེས་པར་བྱེད་པ་སྟེ། དཔེར་ན། ཁྲབ་ནི་གྱོན། རྨོག་ནི་གྱོན། གྲི་ནི་ཡོད།མདའ་ནི་ཡོད། མདུང་ནི་ཡོད། མེ་མདའ་ནི་ཡོད། ཅེས་སོགས་གཡུལ་དུ་འཇུག་པ་ན། རང་གི་གོ་ཆ་དང་མཚོན་ཆ་ལ་སོགས་པ་ཚང་མི་ཚང་ལྟ་བའི་ཚེ། དེ་དག་རེ་རེ་ནས་ངེས་ངེས་བྱེད་པ་ལྟ་བུའོ།།དེ་བཞིན་དུ་བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐུགས་སུ་ཆུད། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མའི་ཚོགས་དུལ་བ་མཐའ་ཡས་པ་ནི་མངའ་ལྟ་བུ་རྣམས་སོ། །
ནི་སྒྲའི་དོན་ལ་དུང་དཀར་སུམ་རྟགས་ལས། རྣམ་དབྱེ་མ་ཡིན་པའི་ཕྲད་རང་དབང་ཅན་ནི་སྒྲའི་ཕྲད་ནི། དགར་བ་དང་བརྣན་པ་དང༌། ཁ་སྐོང་དང༌། ཚིག་རྒྱན་གསལ་བྱེད་དང༌། གཏན་ཚིགས་འདྲེན་པ་དང༌། ངེས་ཚིག་འདྲེན་པ་དང༌། དབྱེ་བ་འདྲེན་པ་དང༌། རྒྱས་བཤད་འདྲེན་པ་དང༌། ཉིད་ཀྱི་དོན་དང༌། དངོས་པོའི་རྐྱེན་བཅས་དོན་བཅུ་ལ་འཇུག་པར་གསུངས་སོ། །
དགར་བ་དང་འབྱེད་པ་གཉིས་ལ་ཁྱད་པར་ཡོད་དེ། དགར་བ་ནི་གང་ལས་དགར་བའི་གཞི་དེ་ལས་ཁྱད་པར་གྱི་ཆོས་རིགས་དང་བྱ་བ་ཡོན་ཏན་རྫས་ཁྱད་དུ་ཕྱེ་ནས་བཀར་བ་དང༌། ཡང་ན་དགར་གཞི་དེ་ལས་ཆོས་གང་ཐ་དད་ཙམ་དུ་བཀར་བས་འཐུས་ལ། འབྱེད་པ་ནི་དབྱེ་བའི་གཞི་གཅིག་ལས་དབྱེ་ཆོས་ཀྱི་རྣམ་གྲངས་ཐ་དད་པ་དུ་མ་སོ་སོར་འབྱེད་པ་ཞིག་དགོས་པས་དེ་གཉིས་ལ་ཁྱད་པར་ཆེའོ། །
གཉིས། འབྱེད་སྡུད་སོགས་བཤད་པ།
མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། ། དེ་ནི་སྡུད་དང་འབྱེད་པ་དང༌། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །
ཞེས་གསུངས་ཏེ། མིང་གང་ཡང་རུང་བ་ཚོགས་པའི་བར་སྐབས་སུ་རྗེས་འཇུག་གི་ཡི་གེ་གསུམ་པ་ད་ཡིག་ལ། གཉིས་པ་ང་ཡིག་སྦྱར་བས། དང་ཞེས་གྲུབ་པ་དེ་ནི། དོན་སྔ་ཕྱི་དང༌། ཕྱོགས་གཅིག་ཏུ་སྡུད་པ་དང༌། རྣམ་གྲངས་སོ་སོར་འབྱེད་པ་དང༌། རྒྱུ་མཚན་སྟོན་པ་དང༌། ཚེ་སྐབས་སྟོན་པ་དང༌།གདམས་ངག་སྟོན་པ་སྟེ་ལྔ་ལ་ལ་འཇུག་པའོ། །
དཔྱད་གཞི།
ཀུན་བཟང་དགོངས་རྒྱན་དུ། དེ་ལ་ཐོག་མར་སྡུད་པ་ནི། བུམ་པ་མི་རྟག་སྟེ། ཀ་བ་དང་སྣམ་བུ་ཡང་ངོ་ལྟ་བུ་དོན་སྔ་མར་སྦྱར་བའི་ཆོས་ཕྱི་མར་ཡང་སྦྱོར་བ་སྡུད་པ་དང༌། བུམ་པ་དང་ཀ་བ་དང་སྣམ་བུ་ཡང་བདག་མེད་དོ་ལྟ་བུ་ཕྱི་མའི་ཆོས་སྔ་མར་སྦྱོར་བ་སྡུད་པ་སོགས་སྔ་ཕྱི་སྡུད་པ་དང༌། གཟུགས་དང༌།ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནི་ཕུང་བོའོ། །ལྟ་བུ་ཕྱོགས་གཅིག་ཏུ་སྡུད་པའོ།།
འབྱེད་པ་ནི། ཕུང་བོ་ནི་ལྔ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌།རྣམ་པར་ཤེས་པའོ། །ལྟ་བུ་དབྱེ་བ་གཞི་གཅིག་ལས། རྣམ་གྲངས་དུ་མར་འབྱེད་པ་སྟེ། གམ་ལ་སོགས་པ་བཞིན་ནོ། །མདོར་ན། ཆོས་སྦྱོར་བ་སྔ་ཕྱི་སྡུད་པ་དང༌། ངོ་བོ་སོ་སོར་བགྲངས་ནས་ཕྱོགས་གཅིག་ཏུ་སྡུད་པ་སྟེ་སྡུད་པ་གཉིས་དང༌། གཞི་གཅིག་རྣམ་གྲངས་ཐ་དད་པར་འབྱེད་པ་དང་བཅས་པའི་ཁྱད་པར་ནི།འབྱེད་པ་ཙམ་དང། ཕྱེ་ནས་ཕྱོགས་གཅིག་ཏུ་བྱེད་པའམ། ཁྱད་པར་གཅིག་ཏུ་སྦྱོར་བའོ།།
རྒྱུ་མཚན་ནི། གཏན་ཚིགས་སྟོན་པ་སྟེ། དཔེརན། ལེགས་པར་བསླབས་པ་དང་མཁས་པར་འགྱུར་རོ།།བྱས་པ་དང་མི་རྟག ནད་འཚེ་མེད་པ་དང་སྐྱིད་པོ་འབྱུང་ལྟ་བུ་མཁས་པར་འགྱུར་བ་དང༌།མི་རྟག་པ་དང༌། སྐྱིད་པོ་འབྱུང་བའི་རྒྱུ་མཚན་དུ་ལེགས་པར་བསླབས་པ་དང༌། བྱས་པ་དང། ནད་འཚེ་མེད་པ་སོགས་འགོད་པ་ན། དང་གི་སྒྲ་སྦྱོར་བ་ཡུལ་སྐད་དོན་མཐུན་རྣམས་སུ་མ་འཆོལ་བར་ཡོད་ཀྱང༌།མདོ་རྒྱུད་བསྟན་བཅོས་རྣམས་སུ་འབྱེད་སྡུད་སོགས་དང་ཤིན་ཏུ་དབྱེ་བར་དཀའ་བས་ཕལ་ཆེར་མ་སྦྱར་བའམ། སྦྱར་ཡང་མ་རྟོགས་པས་གྱ་ཚོམ་དུ་ལུས་པས། འགྲེལ་བྱེད་སོགས་ཀྱི་དཔེར་བརྗོད་དུ་མ་བཀོད་པ་ཞིག་གོ་སྙམ་མོ།།
ཚེ་སྐབས་དང་དོན་གཅིག་པ། རྒྱུ་ཡོད་པ་ན་འབྲས་བུ་འབྱུང༌། རྒྱུ་ཡོད་པ་ལ་འབྲས་བུ་འབྱུང༌།རྒྱུ་ཡོད་པ་དང་འབྲས་བུ་འབྱུང་ལྟ་བུ་རྒྱུ་ཡོད་པའི་ཚེ་འབྲས་བུ་འབྱུང་ཞེས་བྱ་བ་ཡིན་པས།དུས་དང་རྒྱུ་མཚན་ལྷན་ཅིག་སྟོན་པར་འགྱུར་རོ། །
ཚེ་སྐབས་ལ་འཇུག་པ་ནི། དུས་སྟོན་པ་སྟེ། དཔེར་ན་ཉི་མ་ཤར་བའི་དུས་སམ། ཉི་མ་ཤར་བའི་ཚེ་འགྲོ་བ་ལ། ཉི་མ་འཆར་བ་དང་འགྲོ་ཞེས་པ་དང༌། དེ་བཞིན་དུ་ནམ་ལངས་པ་དང་འགྲོ དེ་སྐད་ཅེས་བཀའ་བསྩལ་བ་དང་ལྟ་བུའོ། །
གདམས་ངག་ལ་འཇུག་པ་ནི། གདམས་ངག་འདོམས་པ་སྟེ། ངག་གི་སྒོ་ནས་བྱ་བའི་ཐབས་སློབ་པ་དང་བསྐུལ་བའི་ཕྱིར་བརྗོད་པའོ།།དཔེར་ན། འདི་གྱིས་དང༌། ཉོན་དང༌། སློབས་དང༌། སྒོམས་དང༌། ཡིད་ལ་ཟུངས་དང་ལྟ་བུ་བྱ་བ་དེ་དང་དེ་ལ་བསྐུལ་ཞིང་གྱིས་ཤིག་པའི་བརྡའོ།། 16/21 མདུན་ངོས། 上一页 14 15 16 17 18 19 下一页 尾页 |