༢ དེ་ཉིད་ཀྱི་མིང་བསྟན་པ།
སླར་བསྡུ་བར་ནི་ཤེས་པར་བྱ། །
ཞེས་གསུངས་ཏེ། དེའི་ཐ་སྙད་སླར་བསྡུ་བ་ཞེས་བྱ་བར་ནི་ཤེས་པར་བྱའོ །དེ་ཡང་རང་གང་ལ་སྦྱར་བའི་མིང་ཟླ་སྡུད་པ་ཙམ་ཡིན་གྱི།ལྷག་མ་གཞན་མི་སྟོན་པ་མིན་ཏེ། སྨྲ་སྒོ་ལས། འོ་ལ་སོགས་པ་ཟླ་སྡུད་པའོ། །ཞེས་གསུངས་སོ།།དེའི་ཕྱིར་རྫོགས་ཚིག་ཅེས་ཀྱང་བྱ་སྟེ། དོན་དེ་རེ་ཞིག་རྫོགས་པར་སྟོན་པའི་ཕྱིར་རོ།།
དཔྱད་གཞི།
རིན་སྤུངས་པ་ངག་དབང་འཇིགས་མེད་གྲགས་པས།
ཨེ་མ་ཆོས་ཀྱི་གནས་ལུགས་མཐའ་དག་དོན། །རྟོགས་བྱེད་དང་པོ་མིང་གི་བརྡ་སྤྲོད་པ། །ཞེས་དང༌།
དཔལ་སྒང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱལ་མཚན་གྱིས།
ཨེ་མ་ཤེས་བྱ་ཕ་མཐའ་ཡས། །དེ་དག་རེ་རེའི་མིང་གི་ཡང༌། །
རྒྱུ་མཚན་ངེས་ཚིག་མི་ཤེས་ན། །བརྡ་དག་སྦྱོར་བ་ཇི་ལྟར་འབྱུང༌། །ཞེས་དང༌།
དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བས།
གྲགས་པའི་གཏེར་གྱུར་ཡོན་ཏན་བྱེ་བའི་མཛོད། །མཁས་པའི་ཁང་བཟང་རྩེ་མོར་འཛེག་འདོད་ན། །བརྡ་དང་ཐ་སྙད་རྣམ་པར་སྦྱོར་བ་ཡི། །འཛེག་སྐས་འདི་ལ་མི་བརྟེན་ཐབས་གཞན་ཅི། །ཞེས་
ཐོག་མར་མིང་ཤེས་དགོས་པ་བསྟན་པ་དང༌།
རྫེ་བཙུན་ས་པཎ་གྱིས།
ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །
དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་བ་མེད་པར་བཤད། །
ཅེས་གསུངས་པ་ལྟར་ཤེས་བྱ་རིག་གནས་གང་ལ་འཇུག་ན་ཡང་ཐོག་མར་མིང་གི་སྒྲ་དོན་རྣམས་ཡང་དག་པར་ཁོང་དུ་ཆུད་པར་བྱ་ཞིང༌། དེ་ནས་ཚིག་གི་དོན་ལ་དཔྱད་པ་བཏང་ནས་སྐབས་དེའི་བརྗོད་བྱར་གོ་བ་ཡང་དག་བླངས་ནས་རང་རྒྱུད་ལ་སྦྱོར་བ་ནི་གཞུང་བསྟན་བཅོས་ལ་འཇུག་པའི་སྔ་ཕྱིའི་གོ་རིམ་ཡིན་ནོ།།
བོད་ཡིག་ལ་རྣམ་དབྱེ་བརྒྱད་ཡོད་པ་ནི་བོད་མིའི་སྐད་ཆ་ལ་རང་ཆས་སུ་ཡོད་དེ། སུམ་ཅུ་བའི་རྩ་བར་རྣམ་དབྱེ་བརྒྱད་པོའི་མིང་དངོས་སུ་མ་བསྟན་ཀྱང༌། རྟགས་འཇུག་ཏུ། མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི །ཆོས་དངོས་ལས་དང་བྱེད་པ་དང༌། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང༌། །གནས་དང་བོད་པའི་སྒྲ་ཡང་དྲངས། །ཞེས་རྣམ་དབྱེ་བརྒྱད་པོའི་གོ་རིམ་དང་བཅས་པ་དངོས་སུ་བསྟན་པ་ཡིན།
རྩ་བར་སྔོན་མིང་རྗེས་གསུམ་གྱི་རྣམ་གཞག་བསྟན་མ་ཐག་གོ་སོགས་སླར་བསྡུའི་ཕྲད་བསྟན་པས་རྣམ་དབྱེ་དང་པོ་ཉིད་བསྟན་པ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་
ལ་ཨཱ་ལི་བཞི་བ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །ཞེས་རྗེས་འཇུག་བཅུ་བོ་མིང་གང་ཡང་རུང་བའི་མཐར་སྦྱར་བ་གང་དེར་ཨཱ་ལི་བཞི་བ་ཨོ་སྦྱར་བས་གོ་སོགས་སླར་བསྡུའི་ཕྲད་དུ་གྲུབ་པ་བསྟན་པའི་ཤུགས་ལ། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་གང་ཡང་རུང་བ་དེ་སླར་བསྡུས་མཚོན་པའི་ཕྲད་དང་རྣམ་དབྱེ་ཐམས་ཅད་སྦྱར་གཞིར་གྲུབ་པས། མིང་གང་གི་ནི་མཐར་སྦྱར་བ། །ཞེས་པའི་ཚིག་འདིས་རྣམ་དབྱེ་དང་པོ་དོན་གྱིས་བསྟན་པ་ཡིན། རྫོགས་ཚིག་ནི་རྣམ་དབྱེ་བརྒྱད་དང་འབྲེལ་བའི་རྫོགས་ཚིག་ཡོད་དེ། དཔེར་ན། ཁྱོད་ལའོ།།འདི་ཡིས་སོ། །སློང་མོ་བར་རོ།།འབྱུང་ཁུངས་ནས་སོ།།བདག་གིའོ།།རྟག་ཏུའོ། །ཀྱེ་མའོ་ལྟ་བུར་ཤེས་པར་བྱའོ། །འདིར་མིང་དང་འབྲེལ་བའི་སླར་བསྡུ་དངོས་སུ་བསྟན་པའི་ཕྱིར་རོ།།
སླརབསྡུ་སྟེ་རྫོགས་ཚིག་ནི་རྣམ་དབྱེ་དང་པོའི་ཕྲད་དངོས་མིན་ཏེ། རྣམ་དབྱེ་དང་པོ་ནི་མིང་རྐྱང་བྱ་ཚིག་སོགས་ཡིན་པས་ཕྲད་གཞན་མེད། སླར་བསྡུའི་ཕྲད་ནི་མིང་རྐྱང་བྱ་ཚིག་གི་མཐའ་ལ་སྦྱོར་བས་སློབ་དཔོན་ཐོན་མིས་རྫོགས་ཚིག་རྣམ་དབྱེ་དང་པོ་དང་འབྲེལ་ནས་གསུངས་སོ། །ཏ་སྒུར་ནི་རྗེས་འཇུག་གི་ཡི་གེ་མིན་སྟབས་སུམ་ཅུ་བར་རྗེས་འཇུག་གི་ཡི་གེ་ཡིན་པར་གྱུར་པའི་ཕྲད་རྣམས་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་ཏོ་སྒྲ་དངོས་སུ་མ་བསྟན་པ་ལགས།
རྫོགས་ཚིག་ཡིན་ན་རྗེས་འཇུག་རང་འདྲའི་མཐར་སྦྱོར་བས་མ་ཁྱབ་སྟེ། ད་དྲག་རྗེས་ཀྱི་ཏོ་སྒྲ་ནི་རྗེས་འཇུག་རང་འདྲའི་མཐར་སྦྱར་བ་མ་ཡིན་པའི་ཕྱིར་རོ།།
གོ་སོགས་ཡོད་ཚད་རྫོགས་ཚིག་མིན་ཏེ་རི་བོ་ཆུ་བོ་ལ་སོགས་མིང་མཐར་འཇུག་པ་དུ་མ་ཡོད་དོ།།
འོ་སྙམ་ནས་བྱས་སོ་ལྟ་བུའི་འོ་སྒྲ་རྫོགས་ཚིག་ཨེ་ཡིན་ཞེ་ན། བྱའོ་སྙམ་པའི་བྱ་དེ་རེ་ཞིག་རྫོགས་སོང་བས་རྫོགས་ཚིག་ཡིན་ནོ།།
སྔོན་འཇུག་ལྔ་དང་ཡང་འཇུག་གཉིས་ལ་ཡིན་མིན་གྱི་མུ་བཞི་བརྩི་བ་ནི། སྔོན་འཇུག་ཡིན་ལ་ཡང་འཇུག་མ་ཡིན་པ་ནི་ག་དང༌། བ་དང༌། མ་དང༌། འ་བཞིའོ།།ཡང་འཇུག་ཡིན་ལ་སྔོན་འཇུག་མ་ཡིན་པ་སའོ།།གཉིས་ཀ་ཡིན་པ་ད་ཡིག་གོ།གཉིས་ཀའི་གང་ཡང་མ་ཡིན་པ་ནི་མིང་གཞི་རྐྱང་བ་ཉི་ཤུ་ལྟ༌བུའོ། །
རྣམ་དབྱེ་དང་ཚིག་ཕྲད་ཀྱི་ཁྱད་པར་ནི་ཆོས་གང་ཡང་རུང་བའི་མིང་ཚིག་དེ་གཞན་དང་མ་འདྲེས་པར་སོ་སོར་འབྱེད་པར་བྱེད་པའི་སྒྲའི་ཆ་ཤས་སམ་ཚིག་ཕྲད་ནུས་པ་ལྡན་པ་ཞིག་ལ་རྣམ་དབྱེ་དང༌། མིང་དང་ཚིག་གི་ཐོག་མཐའ་བར་མཚམས་གང་རུང་དུ་སྦྱར་བས་དོན་གསལ་བར་བྱེད་པའི་ནུས་པ་འདོན་ཞིང༌།དེ་ལྟར་མ་སྦྱར་ན་ཕྲད་རང་ངོས་ནས་དོན་ཅི་ཡང་སྟོན་མི་ནུས་པའི་སྒྲའི་ཆ་ཤས་ཤིག་ནི་ཚིག་ཕྲད་ཡིན་ལ།དེ་ཡང་གསལ་བོར་བཤད་ན། རྣམ་དབྱེའི་ཕྲད་རང་ངོས་ནས་ཆོས་གཉིས་སོ་སོར་འབྱེད་པར་བྱེད་པའི་ནུས་པ་འདོན་ཞིང༌། ཚིག་ཕྲད་རྐྱང་བར་དེ་འདྲའི་ནུས་པ་མེད་པ་དང༌། རྣམ་དབྱེ་དངོས་ཀྱི་ཕྲད་ཡིན་ན་ཕལ་ཆེར་མིང་ཚིག་དག་གི་བར་དུ་སྦྱོར་ཞིང་རྣམ་དབྱེའི་ཕྲད་གཉིས་ལྷན་ཅིག་ཏུ་སྦྱོར་མི་རུང་བ་དང༌།ཚིག་ཕྲད་རྐྱང་བ་ནི་མིང་ཚིག་དག་གི་ཐོག་མཐའ་ཅི་རིགས་སུ་སྦྱར་རུང་ཞིང་ཕྲད་དུ་མ་གཞི་གཅིག་ཏུ་འདུ་རུང་བར་བརྟེན། རྣམ་དབྱེ་ཡིན་ན་ཚིག་ཕྲད་ཡིན་པས་མ་ཁྱབ་པ་དང༌། ཚིག་ཕྲད་ཡིན་ནའང་རྣམ་དབྱེ་ཡིན་པས་ཁྱབ་པ་མེད་དོ། །དེས་ན་རྣམ་དབྱེ་དང་ཚིགཕྲད་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། རྣམ་དབྱེ་ཡིན་ལ་ཚིག་ཕྲད་མ་ཡིན་པའི་མུ།ངོ་བོ་ཙམ་བརྗོད་པའོ།།ཚིག་ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པའི་མུ། ལྷག་བཅས་དང༌། དང་སྒྲ། འབྱེད་སྡུད། ནི་སྒྲ་ལྟ་བུ་དང༌། རྣམ་དབྱེ་དང་ཚིག་ཕྲད་གཉིས་ཀ་ཡིན་པའི་མུ།ཨི་ལྡན་དང༌། ལ་དོན། འབྱུང་ཁུངས་ལྟ་བུ་དང༌། གཉིས་ཀའི་གང་ཡང་མ་ཡིན་པའི་མུ།དབྱངས་གསལ་ལྟ་བུའོ།།
རྣམ་དབྱེ་དང་པོར་ཕྲད་ལོགས་སུ་སྟེར་རྒྱུ་མེད་དེ་རྣམ་དབྱེ་བརྒྱད་དང་འབྲེལ་བའི་རྫོགས་ཚིག་ཡོད་དོ། །དབྱངས་ཅན་སྒྲ་མདོར། རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ།རྣམ་དབྱེ་མེད་པ་ནི་མིང་ངོ། །སི་ཨཽཛསྲ། ཨམྲ་ཨཽ་ཤསྲ། ཊྰབྷྱྰཾ་བྷིསྲ། ངེ་བྷྱྰཾབྷིསྲ། ང་སིབྷྱྰཾ་བྷསྲ། ངསྲ་ཨོསྲ་ཨཱམྲ། ངི་ཨོསྲ་སུཔྲ་རྣམས་སོ། ། ཞེས་རྣམ་དབྱེ་བདུན་པོར་གཅིག་ཚིག་གཉིས་ཚིག མང་ཚིག་གི་རྐྱེན་རེ་རེ་བཞིན་བྱིན་ན་རྣམ་དབྱེའི་མཐའ་ཅན་ནི་ཚིག་དང་མ་བྱིན་ན་མིང་དུ་འགྱུར་ཡང༌། བོད་དུ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དེས་རང་དང་ཆོས་གཞན་པའི་མིང་རྣམས་སོ་སོར་འབྱེད་པར་བྱེད་པས་རྣམ་དབྱེའི་མིང་གིས་བཏགས་ཤིང། མིང་རང་ལས་རྣམ་དབྱེ་དང་པོ་ཁོ་ན་སྟོན་བྱེད་ཀྱི་ཕྲད་གཞན་སྟེར་རྒྱུ་མེད་པས། གོ་སོགས་སླར་བསྡུའི་ཕྲད་རྣམས་སྦྱར་གཞི་མིང་དག་ལ་རྗེས་འཇུག་རང་འདྲའི་རྗེས་སུ་སྦྱར་ཏེ་རྣམ་དབྱེ་དང་པོ་དང་སྦྲེལ་ནས་བསྟན་པ་ཙམ་ལས་རྣམ་དབྱེ་བརྒྱད་དང་འབྲེལ་བའི་སླར་བསྡུ་ཡོད་པས་རྣམ་དབྱེ་དང་པོ་ཁོ་ན་སྟོན་བྱེད་ཀྱི་ཕྲད་མིན་ནོ།།
བོད་ཀྱི་རྣམ་དབྱེ་བརྒྱད་ཅེས་པ་ནི་ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སམ་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཟེར་ཏེ།བོད་ཡིག་ལ་དངོས་སུ་སྦྱར་དུ་ཡོད་པའི་རྣམ་དབྱེའི་ངོ་བོ་གསུམ་ཙམ་དུ་འདུ་སྟེ། ལ་དོན་དང༌། ཨི་ལྡན།འབྱུང་ཁུངས་རྣམས་སུ་འདུ་བའོ། །ཞིབ་ཏུ་དབྱེ་ན། དང་པོ་ངོ་བོ་ཙམ་བརྗོད་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ། བཞི་བ་དགོས་ཆེད། ལྔ་བ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་གནས་གཞི། བརྒྱད་པ་བོད་པ་སྟེ་བརྒྱད་ཡོད་དོ། །
ཚིག་ཕྲད་ཅེས་པ་ནི་མིང་དང་ཚིག་གི་ཐོག་མཐའ་བར་མཚམས་ཅི་རིགས་སུ་སྦྱར་ན་དོན་གསལ་བར་བྱེད་པའི་ནུས་བ་ལྡན་ཞིང། མིང་ཚིག་དག་ལ་མ་སྦྱར་ན་ཕྲད་རྐྱང་བས་དོན་གང་ཡང་མི་སྟོན་པ་ནི་ཚིག་ཕྲད་རྐྱང་བ་ཡིན་ཏེ། དེར་དབྱེ་ན་རྗེས་འཇུག་ལ་ལྟོས་ནས་སྦྱོར་དགོས་པའི་ཕྲད་གཞན་དབང་ཅན་དང༌།རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་གཉིས་ཡོད།
ཀུནབ་ཟང་དགོངས་རྒྱན་དུ། ལེགས་སྦྱར་གྱི་སྐད་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སྦྱར་བ་ན།མིང་ཙམ་དུ་མ་བསྡད་པར་ཚིག་ཏུ་གྲུབ་པ་ཡིན་ཡང༌། བོད་འདིར་མིང་ཙམ་ཁོ་ན་ལ་རྣམ་དབྱེ་དང་པོ་ཞེས་བྱ་ཞིང༌། རྫོགས་ཚིག་སྦྱར་ཡང་མིང་ཙམ་ལས་ཚིག་ཏུ་མི་འགྲུབ་བོ། །དེ་ཕྱིར་བུམ་པའོ་ཞེས་བྱ་བ་ཡང་རྣམ་དབྱེ་དང་པོའི་གཅིག་ཚིག་ཁོ་ནའོ།། སྐབས་འདིར་ཞྭ་ལུ་ལོ་ཆེན་སོགས་མཁས་བ་དུ་མས་བྱའོ་སྙམ་ནས་ཡོད་དོ་ཞེས་པ་སླར་བསྡུ་རྫོགས་ཚིག་ཅན་དངོས་མིན་པར་སླར་བསྡུ་ཙམ་པོ་བ་ཡིན་ནོ། ། ཞེས་གསུངས་པ་འཐད་པར་མི་སེམསཏེ། འོ་ན་སླར་བསྡུ་ཙམ་ཞིག་ཡིན་ན་སླར་བསྡུ་ཡིན་དགོས་སམ་མི་དགོས།མི་དགོས་ན་སླར་བསྡུ་ཡིན་ན། སླར་བསྡུ་དང་ཁྱད་པར་ཅན་ཡིན་དགོས་པར་འགྱུར་ལ། དེ་ལྟར་ན་སླར་བསྡུ་ཙམ་པོ་བ་ཁྱད་པར་ཅན་གཉིས་སུ་ཕྱེ་བ་འགལ་ལོ། །དགོས་ན་སླར་བསྡུ་ཙམ་པོ་བ་ཡང༌། སླར་བསྡུ་ཡིན་པས།སླར་བསྡུ་དངོས་མིན་གསུངས་པ་དང་འགལ་ལོ། །གཞན་ཡང་སླར་བསྡུ་ཙམ་པོ་བ་ཞེས་པ་དེ།སླར་བསྡུ་ཙམ་གྱི་མིང་ཡིན་ནམ་མིན། མིན་ན་གང་གི་མིང་ཡིན་པ་འཆད་དགོས་ལ། ཡིན་ན་སླར་བསྡུ་ཙམ་སླར་བསྡུ་མིན་གསུངས་པར་འདུག་པས།མིང་ཙམ་ཡང་མིང་མིན་གསུང་ནུས་སམ། ནུས་ན་ནི།མིང་ལ་མིང་ཁྱད་པར་ཅན་གྱིས་ཁྱད་པར་འགྱུར་རོ།།གཞན་ཡང་བྱའོ་སྙམ་ནས། ཞེས་པའི་འོའི་སྒྲ་སླར་བསྡུ་རྫོགས་ཚིག་ཅན་མིན་པའི་རྒྱུ་མཚན། སྙམ་ནས་ཞེས་པ་དང་སྦྲེལ་བས་ཡིན་ན། འོ་ན་བསླབ་པར་བྱའོ། །ཞེས་སོགས་ལ་ཡང་ཕྱི་མར་ཞེས་དང་དེ་སྐད་སོགས་སྦྲེལ་བ་ཡོད་པས། དེ་དག་ཀྱང་སླར་བསྡུ་མིན་པར་འགྱུར་ཞིང༌། དེ་ལྟར་ན་ཕྱི་མར་ཚིག་གཞན་མེད་པའི་འོ་ལ་སོགས་པའི་སྒྲ་སྦྱར་བ་དཀོན་པས་སླར་བསྡུ་ཡང་རྙེད་དཀའ་བར་གྱུར་རོ།།དེས་ན་བྱའོ་ཞེས་པའི་འོའི་སྒྲ་རྫོགས་ཚིག་ཡིན་ཞིང༌། དེའི་མཐར་མིང་གཞན་སྦྲེལ་བ་ཡོད་ཀྱང༌། འོའི་སྒྲས་དེ་འདྲེན་པ་མིན་ནོ། །འདི་རྣམས་སླར་བསྡུ་དངོས་ཡིན་པ་ལ་དོགས་པ་དེ་འདྲ་མི་དགོས་ཀྱི། དེ་བས་བྱེད་པ་པོ།ཚོང་བ་བོ། ཡིན་པར་གོ ད་ཀོ བཙུན་མོ། སྤྱི་བོ་སོགས་བདག་པོ་དང༌། མོ་རྟགས་དང༌། རིགས་པ་དང༌། ངེས་བཟུང་སོགས་དོན་གཞན་ལ་འཇུག་པ་དེ་རྣམས་དང་མ་འཁྲུལ་བ་དགོས་སོ་ཞེས་གསུངས་ན་དོན་ཆེའོ། །ཞེས་གསུངས་སོ།།
མཁསད་བང་དམུ་དགེ་བསམ་གཏན་ལགས་ཀྱི་བརྡ་སྤྲོད་བློ་གསལ་དགའ་སྟོན་དུ།མིང་བཤད་པ་ལ་མིང་དངོས་བཤད་པ་དང༌། མིང་གི་དབྱེ་བ་བཤད་པ་གཉིས།
༡ མིང་ནི་ཡི་གེ་དུ་མ་འདུས་པ་ཡིན་ཏེ། ཡི་གེ་གཅིག་ཙམ་ལ་བརྗོད་བྱ་སྟོན་པའི་ནུས་པ་མེད་པས།ཡི་གེ་དུ་མ་འདུས་པ་ལས་མིང་བྱུང་ངོ༌། །འོ་ན། ཕ་དང་མ། ཇ་དང་ཤ་ཞེས་པ་ལྟ་བུ་ཡི་གེ་རྐྱང་བ་ཅན་རྣམས་དེ་དང་དེའི་མིང་མ་ཡིན་ནམ་ཞེ་ན། དེ་དག་ལའང༌། ཕའ། མའ། ཇའཤའ་ཞེས་འ་མཐའ་ཐོབ་པ་ཡིན་ཏེ། བོད་ཡིག་གི་གདངས་རྣམས་རིང་ཆ་ཅན་ཡིན་པས། རྗེས་འཇུག་གཞན་རྣམས་ཞུགས་ན་དེའི་གདངས་ཀྱིས་རིང་བོ་ཉིད་ཀྱི་གོ་ཆོད་ལ། རྗེས་འཇུག་གཞན་མེད་པ་བ་རྣམས་ལ་འ་མཐའ་དགོས་པའི་རྒྱུ་མཚན་ཀྱིས། རྩ་བར། ཨཱ་ལི་བཞི་ལས་གང་ལྡན་ཡང༌། །རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་དང༌། ཕོ་ཡིག་དེ་དག་རྣམས་ལ་ཡང༌། ། 7/21 མདུན་ངོས། 上一页 5 6 7 8 9 10 下一页 尾页 |