འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །ཞེས་གསུངས་པའི་ཕྱིར།དེ་འདྲའི་ཡི་གེ་མ་མཐོང་ངོ༌། །ཞེ་ན། དེ་ཡང་སྐྱོན་མེད་དེ། རྣམ་འགྲེལ་ལས། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་པ་ལྟར།སྐད་གསར་བཅད་ཀྱི་རྗེས་སུ་ཡིག་ཚོགས་སྐྱུང་བའི་ཕྱིར་དངོས་སུ་མི་མཐོང་བར་བྱས་མོད། དོན་གྱིས་ཐོབ་པ་ཡིན་ཏེ། རྩ་བར། བདུན་པ་ཉིད་ལ་བདུན་པ་སྟེ། །ཞེས་གསུངས་པའི་ཕྱིར། དེས་ན་ཡི་གེ་གཉིས་ཡན་ཆད་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་མིང་གི་མཚན་ཉིད། སྤྱིར་མིང་ཚིག་གཉིས་མི་འགལ་ཏེ། ཁང་བའི་ཀ་བ་ཞེས་བརྗོད་པའི་སྒྲ་དེ་མིང་ཚིག་གཉིས་ཀ་ཡིན། ཡི་གེ་གཉིས་ཡན་ཆད་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་དེ་མིང་ཚིག་སུ་ཕྱེས་པའི་མིང་གི་མཚན་ཉིད། མཚན་གཞི་ནི་ཁང་བ་ཞེས་བརྗོད་པའི་སྒྲ་ལྟ་བུ། མིང་ཚིག་ཡི་གེ་གསུམ་དུ་ཕྱེས་པའི་མིང་དང་ཚིག་གཉིས་འགལ་བ་ཡིན་ཏེ།མཚན་ཉིད་ཀྱི་ཟུར་དུ་ཙམ་སྒྲ་ཡོད་པས། དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་མི་སྟོན་པ་དགོས་པའི་ཕྱིར་ཏེ།མཚན་ཉིད་ཀྱི་ཟུར་གྱིཙམ་སྒྲས་ཁྱད་པར་སྟོན་པ་གཅོད་པས་སོ། །ཁང་བའི་ཀ་བ་ཞེས་བརྗོད་པའི་སྒྲ་དེ།མིང་ཡིན་ཏེ་ཁང་བའི་ཀ་བའི་མིང་ཡིན་པའི་ཕྱིར།ཚིག་ཀྱང་ཡིན་ཏེ་དོན་གྱི་ངོ་བོ་ཁང་བ་དང་དེའི་ཁྱད་པར་ཀ་བ་གཉིས་སྦྱར་ནས་སྟོན་པའི་སྒྲ་ཡིན་པའི་ཕྱིར།མིང་དང་ཚིག་གཉིས་མི་འདྲ་སྟེ། མིང་དེ་དོན་གྱི་ངོ་བོ་སྟོན་པའི་ཆ་ནས་འཇོག་དགོས་ལ། ཚིག་ནི་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་ཆ་ནས་འཇོག་དགོས་ཏེ། དེ་ལྟར་བཞག་པ་ནི་རིགས་པའི་གཞུང་ལུགས་དང་མཐུན། མང༌ཚོགས་ཀྱི་ཁ་སྐད་དང་ཡང་མཐུན་ཏེ། བོད་རང་གི་བརྡ་ལ་བྱང་བ་བྱིས་པ་ཡན་ཆད་ཀྱིས་མིང་ཟེར་བ་དང༌། ཚིག་ཟེར་བ་གཉིས་སོ་སོ་བ་ཡིན་པ་ཤེས་པའི་ཕྱིར།འོན་ཀྱང༌། འགའ་ཞིག་གིས་ར་མགོ་ལུག་སྦྱར་གྱི་དཔེ་བཞིན། མིང་ཚིག་ཅེས་གཅིག་ཏུ་བསྲེས་ཤིང༌། མིང་ཚིག་གི་མཚན་གཞི་ལ། ལེ་ཉིན། མི་དམངས། ལྷ་ས། ཆབ་སྲིད།འཕྲུལ་འཁོར།ད་ལོ་རྣམས་བཞག་པ་ནི་མ་གོ་བར་གསལ་ཏེ། དེ་དག་ནི་མིང་ཡིན་གྱི།ཚིག་མིན་ཏེ།དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་པའི་ཕྱིར།དེ་བཞིན་དུ་འགའ་ཞིག་གིས། རུས་ལ་རུས་མིང་ཞེས་རུས་དང་མིང་གཉིས་གཅིག་ཏུ་བསྲེས་པ་སོགས་མང་མོད། དྲི་བའི་ཚེ་ན་ཁྱོད་ཀྱི་རུས་གང་ཡིན་ཞེས་འདྲི་བ་ལས།ཁྱོད་ཀྱི་རུས་མིང་གང་ཡིན་ཞེས་མི་འདྲི། ལན་འདེབས་པའི་ཚེ་ནའང༌། ངའི་རུས་དབའ་ཤུལ་ཡིན་ཟེར་ང་ལྟ་བུ་ལས། ངའི་རུས་མིང་དབལ་ཤུལ་ཡིན་མི་ཟེར།ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་འདྲི་བ་ལས། ཁྱོད་ཀྱི་མིང་ཚིག་ལ་ཅི་ཟེར་ཞེས་མི་འདྲི། ལན་འདེབས་པའི་ཚེ་ནའང༌། ངའི་མིང་ལ་དོན་འགྲུབ་ཟེར།ཟེར་བ་ལྟ་བུ་ལས།ངའི་མིང་ཚིག་ལ་དོན་འགྲུབ་ཟེར་ཞེས་ལན་མི་འདེབས་པ་མངོན་སུམ་གྱིས་གྲུབ་བོ། །འདི་དག་ནི་གོ་སླ་བས་བཤད་དགོས་དོན་ཆེར་མེད་མོད། འགའ་ཞིག་གིས་འདི་ནི་འཛམ་གླིང་སྤྱིའི་རིག་པ་ཡིན་ནོ།།འདི་ནི་འཛམ་གླིང་སྤྱིའི་སྐད་གདངས་ཀྱི་རིག་པ་ཡིན། ཁས་ལེན་དགོས་སོ་ཟེར་ནས་མི་རིགས་རང་རང་གི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཁྱད་དུ་གསོད་པར་བྱེད་པས། ཅུང་ཟད་རེ་མི་བཤད་མཐུ་མེད་བྱུང་ངོ༌། །
༢ མིང་གི་དབྱེ་བ་ནི། མིང་ལ་དབྱེ་ན་དངོས་མིང་དང་བཏགས་མིང་གཉིས། དང་པོ་དངོས་མིང་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས། འདོད་རྒྱལ་ནི་རྒྱུ་མཚན་མེད་པར་དངོས་པོ་དེ་ལ་ཐོག་མར་འདོད་པ་ཙམ་གྱིས་བརྡ་སྦྱར་བ་དངོས་པོ་དེའི་མིང་དུ་ཆགས་པ་འདོད་པ་ལྟར་བཏགས་པ་རྒྱལ་བར་གྱུར་པས་འདོད་རྒྱལ་ཟེར་སོ།། དངོས་མིང་འདོད་རྒྱལ་གྱི་མཚན་གཞི་ནི། བུམ་པ། ཀ་བ། ཁང་བ། མི། ས་གནམ་ལྟ་བུའོ།།རྗེས་གྲུབ་ཀྱི་དངོས་མིང་ནི། བཟོ་གྲྭ་དང་སློབ་གྲྭ་ལྟ་བུ།བཟོ་གྲྭ་ནི་བཟོ་གྲྭའི་དངོས་མིང་ཡིན་ཡང༌། ཐ་སྙད་དེ་ལྟར་བཏགས་པ་ལ་རྒྱུ་མཚན་བཤད་དུ་ཡོད་དེ། བཟོ་ལས་བྱེད་སའི་གྲྭའམ་གྲལ་ཡིན་པ་ལ་གཞིགས་ནས་དེ་འདྲ་བའི་ཐ་སྙད་བྱུང་བའི་མིང་ཡིན་པའི་ཕྱིར། དེས་སློབ་གྲྭ་དང་ཆོས་གྲྭ།སྒྲུབ་གྲྭ། འབྲས་ཞིང། གསེར་ཁང། དངུལ་ཁང་སོགས་ལ་རིགས་འགྲེའོ།།
བཏགས་མིང་ལའང༌། འདོད་རྒྱལ་དང་རྗེས་གྲུབ་གཉིས་ཡོད། དང་བོ། མི་ཕལ་བ་ཞིག་ལ་རྒྱུ་མཚན་མེད་པར་རང་འདོད་ཀྱིས་སངས་རྒྱས་ཞེས་བཏགས་ནས་དེའི་མིང་ལ་སངས་རྒྱས་ཞེས་ཆགས་པ་ན།འདོད་པ་ལས་རྒྱལ་བས་འདོད་རྒྱལ་ཡིན་མོད། བཏགས་མིང་ཡིན་གྱི་དངོས་མིང་མིན་ཏེ། མི་དེ་སངས་རྒྱས་ཞེས་པའི་མིང་གི་འཇུག་ཡུལ་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་མ་ཡིན་པའི་ཕྱིར། དེ་བཞིན་དུ་བུ་མོ་ཞིག་ལལྷ་མོ་ཞེས་བཏགས་པ་ན། མིང་དེ་འདོད་རྒྱལ་དང་བཏགས་མིང་ཡིན་གྱི།དངོས་མིང་མིན་ཏེ།ལྷ་མོ་ཞེས་པའི་མིང་གི་འཇུག་ཡུལ་མིན་ཏེ། ལྷ་མོ་མ་ཡིན་པའི་ཕྱིར་ཏེ། མི་མོ་ཡིན་པའི་ཕྱིར། བཏགས་མིང་རྗེས་གྲུབ་ལ། འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང༌། འབྲེལ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་གཉིས།དང་བོ་ནི། བྲམ་ཟེ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་བཏགས་པ་ལྟ་བུ་སྟེ། གདོང་སེང་གེ་དང་འདྲ་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཙམ་ལས།དངོས་མིང་མིན་ཏེ། ཁྱོད་སེང་གེ་མ་ཡིན་པའི་ཕྱིར།འབྲེལ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་ནི། ཆུ་ལ་འཚོ་བ་སྐྱེལ་བའི་བྱ་ལ། ཆུ་བྱ་ཟེར་བ་ལྟ་བུ་རྟེན་བརྟེན་པ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང༌། མེ་སྦར་བྱེད་ཀྱི་ཤིང་ལ་མེ་ཤིང་ཟེར་བ་ལྟ་བུ་ནི་རྒྱུལ་འབྲས་བུའི་མིང་གིས་བཏགས་པའོ། །གཞན་ཡང༌། ཞིང་ནང་དུ་ས་བོན་འདེབས་པ་ལ།ཞིང་འདེབས་ཞེས་བཏགས་པ་ནི། རྟེན་བརྟེན་པའི་འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང༌། ཡོས་འཐག་པ་ལ་ཕྱེ་འཐག་ཟེར་བ་ལྟ་བུ་རྒྱུ་ལ་འབྲས་བུའི་མིང་བཏགས་པའོ།།འོ་ན་ཞིང་འདེབས་ཞེས་པ་བྱ་ཚིག་མ་ཡིན་ནམ་ཞེ་ན། བྱ་ཚིག་ཡིན་ཡང་མིང་ཡིན་པ་མི་འགལ་ཏེ། གོང་དུ་བཤད་པ་ལྟར། མིང་ཚིག་ཡི་གེ་གསུམ་དུ་ཕྱེས་པའི་མིང་ཚིག་གཉིས་འགལ་ཡང༌། སྤྱིར་མིང་ཆིག་གཉིས་མི་འགལ་ལོ། །ཞིང་འདེབས་པ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། འོན་ཀྱང་འགའ་ཞིག་གིས། མིང་ཚིག་ཅེས་པའི་མཚན་གཞིར་འཇོག་རྒྱུའི།ལྷ་ས། ཆབ་སྲིད། འཕྲུལ་འཁོར།ད་ལོ་ཞེས་སོགས་བརྗོད་པའི་སྒྲ་ནི། མིང་ཙམ་ཡིན་གྱི ཚིག་མ་ཡིན་ཏེ། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་པའི་ཕྱིར།སྤྱིར་བོད་སྐད་ཀྱི་མིང་འདོགས་ཚུལ་དུ་མ་ཞིག་ཡོད། བྱེད་ཚིག་གི་སྒོ་ནས་བཏགས་པ།བྱ་ཚིག་གི་སྒོ་ནས་བཏགས་པ། བྱ་བ་བྱས་ཟིན་པའི་འདས་ཚིག་གི་སྒོ་ནས་བཏགས་པ་སོགས་ཡོད་དེ།བྱེད་ཚིག་གི་སྒོ་ནས་བཏགས་པ་ནི། སྒྲུབ་ཐབས། འདུལ་བ། སྡོམ་པ། སྲུང་དམག རྒྱལ་སྲུང་ལྟ་བུ།དེ་དག་བྱེད་ཚིག་གི་སྒོ་ནས་འདོགས་པའི་རྒྱུ་མཚན། སྒྲུབ་བྱེད་ཀྱི་ཐབས། འདུལ་བྱེད་ཀྱི་བསླབ་པ།རང་རྒྱུད་སྡོམ་བྱེད་ཀྱི་ཐབས། སྲུང་བར་བྱེད་པའི་དམག རྒྱལ་ཁབ་སྲུང་བར་བྱེད་པ་སོགས་ཀྱི་ཚིག་བསྡུས་པའི་མིང་ཡིན་པས་སོ། ། བྱ་ཚིག་གི་སྒོ་ནས་བཏགས་པ་ནི། བསླབ་པ་གསུམ། བསླབ་བྱ།བསྟན་བྱ། བསྟན་བཅོས། བསྐྱར་ཟློས།བསྔོ་བ། གཞལ་བྱ། མཉམ་བཞག རྣམ་བཞག གདིང་བ། སྔགས་བཏུ། བརྟག་དཔྱོད། ལག་བསྟར། བདུག་པ། བཟའ་བ། བཏུང་བ་སོགས་ལྟ་བུ། དེ་དག་བྱ་ཚིག་གི་སྒོ་ནས་འདོགས་ཚུལ། བསླབ་པར་བྱ་བའི་ཡུལ། ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་གསུམ་ལ་བསླབ་པ་གསུམ་ཞེས་བཏགས་པ་དང༌། བསླབ་བྱ། བསྟན་བྱ་གོ་སླ་ལ། བསྟན་པར་བྱ་བ་ཡིན་ཞིང་ཉོན་མོངས་བཅོས་པའི་ཆ་ནས། བསྟན་བཅོས་ཞེས་བཏགས་པ་དང༌། བསྐྱར་བྱ་བསྐྱར་བ་ལ་བསྐྱར་ཟློས་དང༌། མཉམ་པར་བཞག་པར་བྱ་བ་ལ། མཉམ་བཞག རྣམ་པ་བཞག་པར་བྱ་བ་ལ། རྣམ་བཞགགདིང་བྱ་ལ། གདིང་བ། སྔགས་བཏུ་བར་བྱ་བ་ལ། སྔགས་བཏུ། བརྟག་པར་བྱ་ཞིང་དཔྱོད་པ་ལ།བརྟག་དཔྱོད། ལག་ཏུ་བསྟར་བར་བྱ་བ་ལ། ལག་བསྟར། བདུག་བྱ་ལ། བདུག་པ། བཟའ་བྱ་ལ།བཟའ་བ། བཏུང་བྱ་ལ་བཏུངས་ཞེས་ཚིག་བསྡུས་ནས་བཏགས་པའོ། །འདས་ཚིག་གི་སྒོ་ནས་བཏགས་པ་ནི། ཞིང་གི་བཀོད་པ། སྡོང་བོ་བཀོད་པའི་མདོ།བཅད་གཏུབ། དགྲ་བཅོམ་པ། བཅོས་མ། སྒྲོ་བཏགས། ཀུན་བཏགས། གནད་བསྡུས། བསྡུས་གྲྭ། གདམས་ངག འབྲས་སྤུངས། ཟིན་བྲིས།བསླུ་བྲིད། བཙོས་མ། ལྷུང་བཟེད། བཟླས་པ། མཆོད་བཤམས། གསན་ཡིག བསགས་ནོར་སོགས་ལྟ་བུ། དེ་དག་འདས་ཚིག་གིས་བཏགས་ཚུལ། ཞིང་ངམ་གྲོང་ཁྱེར་ལྱ་བུའི་དབྱིབས་བཀོད་གྲུབ་ཟིན་པའི་རྣམ་པ་ལ་ཞིང་བཀོད། བཅད་པ་དང་གཏུབ་ཟིན་པ་ལ་བཅད་གཏུབ། ཉོན་མོངས་པའི་དགྲ་བཅོམ་ཟིན་པའི་གང་ཟག་ལ། དགྲ་བཅོམ་པ། བཅོས་ཟིན་པ་ལ། བཅོས་མ། སྒྲོ་བཏགས་ཟིན་པ་ལ་སྒྲོ་བཏགས།གནད་དོན་རྣམས་བསྡུས་ཟིན་པ་ལ་གནད་བསྡུས་ཞེས་མིང་བཏགས་པ་སོགས་གཞན་ལ་རིགས་འགྲེལོ །སྐུལ་ཚིག་གིས་བཏགས་པ་ནི། ཁོད་སྙོམས་པ། མགུལ་ཆིངས། ཆིངས་ཡིག ཞུ་གཏུགས། མིག་ལྟོས།རྩིས་རིག ཟློས་སྐྱོན། ཡིད་སྲུབས་སོགས་ལྟ་བུ། དེ་དག་ནི་འགོད་པའི་སྐུལ་ཚིག་ཁོད་ཅིག་ཅེས་པའི་ཟླས་དྲངས་ནས། ཁོད་སྙོམས་ཞེས་པའི་མིང་གྲུབ་པ་དང༌། འཆིང་བའི་སྐུལ་ཚིག་ཆིངས་ཤིག་གི་ཟླས་དྲངས་ནས་མགུལ་ཆིངས་སམ། ཆིངས་ཡིག་གི་མིང་གྲུབ་པ་དང༌། སྲུབ་ཀྱི་སྐུལ་ཚིག་སྲུབས་ཤིག་ཅེས་པའི་ཟླས་དྲངས་ནས། ཡིད་སྲུབས་ཞེས་པའི་མིང་གྲུབ་པ་ཡིན་ལ། ཡིད་སྲུབས་ནི་དགའ་རབ་དབང་ཕྱུག་གི་མིང་དང༌། འདོད་ཆགས་ཀྱི་མིང་ཡང་ཡིན་ནོ །གཞན་ཡང༌། དེ་ལས་གཞན་པའི་མིང་འདོགས་ཚུལ་དུ་མ་ཡོད་དེ། རྨ་ཆུ།ཙོང་ཆུ། ཞེས་འབྱུང་ཁུངས་ཀྱི་སྒོ་ནས་བཏགས་པ་དང༌། ཚོང་བ་ཞེས་པ་བྱ་བའི་སྒོ་ནས་བཏགས་པ་དང་། བྲམ་ཟེ་ཞེས་པ་རིགས་དང༌། བཟོ་བ་ཞེས་པ་བྱ་བ་དང༌། ལག་རྩལ་ཅན་ཞེས་པ་ཡོན་ཏན། དབྱུག་པ་ཅན་ཞེས་པ་རྫས་ཀྱི་སྒོ་ནས་བཏགས་པ་སོགས་ཤེས་པར་བྱའོ།།ཤེས་བྱ་ཞེས་པའི་སྒྲ་དངོས་པོ་ལ་འཇུག་ཀྱང་དངོས་པོ་དེའི་འཇུག་ཡུལ་དང་བརྗོད་བྱ་ཡང་མིན། དངོས་པོ་ལ་ཤེས་བྱ་ཞེས་མིང་དུ་བཏགས་ཀྱང༌། ཤེས་བྱ་ཞེས་པའི་སྒྲ་དངོས་པོའི་བཏགས་མིང་མིན་པ་སོགས་ཀྱི་ཁྱད་པར་ཤེས་དགོས་པ་མང་དུ་ཡོད་དོ། །ཞེས་གསུངས་སོ། །
གཞན་ཡང་དཔལ་སྒང་ལོ་ཙཱ་བས། སོ་སོ་རིག་བཞི་ས་དགུ་བ། །མ་ཐོབ་དེ་སྲིད་ཆོས་ཀུན་གྱི།།ངེས་ཚིག་ཤེས་མིན་དེ་ཡིན་ཕྱིར། །མཐའ་དག་སྡེབ་སྦྱོར་སུ་ཡིས་ཤེས། །འོན་ཀྱང་ཕྱོགས་རེའི་བརྡ་དག་ཀྱང༌། །འབད་པ་དུམས་བཙལ་བར་བྱ། །ཡི་གེའི་སྦྱོར་བ་ལ་འཁྲུལ་ན།།དོན་རྣམས་འཁྲུལ་བ་སྨོས་ཅི་དགོས། །ཞེས་གསུངས་པ་དང༌།
རྗེ་བཙུན་ས་པཎ་ནས། བརྡ་སྤྲོད་པའི་མཁས་པ་དག་གིས་བརྡ་གསར་བ་མ་སྦྱར་ན། དོན་མ་འགྲུབ་པ་མཐོང་ན་གསར་བ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་མི་སྦྱོར་ཏེ།མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ།།ཞེས་གསུངས་པ་ནི་དགོངས་པ་ཅན་གྱི་ལེགས་བཤད་ཡིན་པ་ཤེས་པར་བྱའོ། །
སྡོམ་ཚིག
རྣམ་དབྱེ་ཞེས་པའི་གོ་དོན་ནི། །མིང་མཐར་སུ་སོགས་སྦྱར་བ་དེ། ། མིང་ཚིག་གཞན་དང་མ་འདྲེས་པར།།རྣམ་དབྱེ་གང་རུང་སྟོན་བྱེད་དུ། ། རྣམ་པར་དབྱེ་བའི་ནུས་པའི་སྒྲའི། །ཆ་ཤས་གྱུར་པའི་ཚིག་ཕྲད་ཡིན། །ཞེས་པའོ། །
དྲི་ཚིག
༡ རྣམ་དབྱེའི་གོ་དོན་ཅི།
༢ ཚིག་ཕྲད་ཀྱི་གོ་དོན་ཅི།
༣ རྣམ་དབྱེ་དང་ཚིག་ཕྲད་ཀྱི་ཁྱད་པར་ཤོད།
༤ མིང་ལ་དབྱེ་ན་དུ་ཡོད།
༥ ཅི་ཞིག་ལ་དངོས་མིང་ཟེར།
༦ ཅི་ཞིག་ལ་བཏགས་མིང་ཟེར།
༧ ཅི་ཞིག་ལ་འདོད་རྒྱལ་གྱི་མིང་ཟེར།
༨ ཅི་ཞིག་ལ་རྗེས་གྲུབ་ཀྱི་མིང་ཟེར།
༩དངོས་མིང་འདོད་རྒྱལ།
༡༠ དངོས་མིང་རྗེས་གྲུབ།
༡༡ བཏགས་མིང་འདོད་རྒྱལ།
༡༢ བཏགས་མིང་རྗེས་གྲུབ།
༡༣ འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་མིང༌།
༡༤ འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་མིང༌།
༡༥ རྒྱུ་ལ་འབྲས་བུའི་མིང་བཏགས་པ།
༡༦ རྟེན་བརྟེན་པའི་སྒོ་ནས་བཏགས་པ།
༡༧ འབྱུང་ཁུངས་ཀྱི་སྒོ་ནས་བཏགས་པ།
|